Saturday, March 30, 2013

ངོས་ཀྱི་ཉི་རའི་ནང་གི་ཤིང་སྡོང་རྩེ་རུ་འཇའ་ཤར་བ།

ངོས་ཀྱི་ཉི་རའི་ནང་གི་བར་སྣང་དུ་འཇའ་ཤར་བ།
ཉིན་མོ་འདི་ནི་ཉེ་བའི་ཆར་ཨ་རི་ཉིའུ་རྗེར་སི་ནས་ངོས་ཀྱི་སློབ་མ་ཞིག་འདས་གྲོངས་སུ་སོང་ནས་དེ་རིང་ཞེ་དགུ་ལ་ཁེལ་ཡོད་སྟབས་ཁོ་རང་གི་སྲིང་མོའི་འདོད་པ་ལྟར་དུ་དེ་རིང་ནང་དུ་བསྡད་ནས་ཞོགས་ཐུན་སྐབས་སུ་ནམ་རྒྱུན་གྱི་ཁ་འདོན་རྣམས་ཚར་བར་བྱས། གཤིན་པོ་ཀརྨ་མགོན་པོའི་ཆེད་དུ་གཏེར་གསར་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་ཚར་གྲངས་བསགས། ཉིན་གུང་རྒྱབ་ཏུ་ཆོ་ག་དེ་ཉིད་ཀྱི་སྒོ་ནས་བྱང་བསྲེགས་བྱས། འདིར་ཡོད་ངོས་ཀྱི་སློབ་མ་འགའ་སླེབས་བྱུང་བས་མཉམ་དུ་འོད་ཆོག་ཞིག་ཀྱང་བཏོན། ཆོ་ག་གྲུབ་མ་ཐག་ངོས་ཀྱི་དགེ་ཕྲུག་འགའ་དང་མཉམ་དུ་ཉི་ར་ནང་དུ་སྒོམ་མཉམ་དུ་རྒྱབས། མི་འགའ་ཡིས་སྒོམ་རྒྱབ་སའི་མདུན་གྱི་ནམ་མཁར་ཤིང་སྡོང་གི་རྩེ་ནས་པར་བླངས་པའི་ནང་དུ་འཇའ་འོད་ཀྱི་གུར་ཕུབས་པ་མཐོང་རྒྱུ་འདུག ཨ་རིའི་མི་འདི་རྣམས་རྒྱ་བོད་སོགས་ཀྱི་མི་རིགས་དང་མི་འདྲ་བས་བླུན་དད་བྱེད་མཁན་ཕལ་ཆེར་ཉུང་། དེ་རིང་ནི་ཁོང་ཚོའི་པར་ཆས་ནང་གི་འཇའ་དེ་ལ་ཡ་མཚན་ཆེན་པོ་བྱེད་ཀྱི་འདུག ངས་ནི་ཕལ་ཆེར་པར་ཆས་ཀྱི་སྐྱོན་ཆ་མིན་ནམ་བསམ་པ་ལས་གཞན་དམིགས་བསལ་གྱི་ཡོན་ཏན་གང་ཡང་མ་མཐོང་། ལར་ནི་པར་ཆས་ནང་གི་འཇའ་ལ་དཔྱད་ན་ནམ་རྒྱུན་གནམ་གཤིས་ཀྱི་རྐྱེན་པའི་ཆུ་འཇའ་དང་གཏན་ནས་མི་འདྲ། རྗེས་ནས་ང་ཚོའི་ས་ཆ་དེ་ག་རང་དུ་པར་ཆས་གཅིག་པས་པར་མང་པོ་བླངས་ཀྱང་འཇའ་དེ་མཐོང་རྒྱུ་མི་འདུག མི་མང་པོ་ཞིག་ཡ་མཚན་དགོས་པ་རུ་འཇའ་དེ་ཤིང་སྡོང་གི་ནང་དུ་ཡོད་དེར་ཡ་མཚན་བྱེད་ཀྱི་འདུག 
དེ་ནས་ང་ཚོ་ཉི་ར་ནང་དུ་སྒོམ་ཚར་མ་ཐག་ནང་དུ་སོང་ནས་མཉམ་དུ་ཇ་འཐུང་བཞིན་ཁ་བརྡ་དང་མ་ཟད་པར་ཆས་ནང་གི་འཇའ་ལ་ཚང་མས་འཚང་ཁས་བལྟ་ཞིང་ཧ་ལས་མདོག་བྱེད་བཞིན་འདུག 
དགོང་མོར་དྲ་ནང་དུ་འཛུལ་བས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་ཕེབས་ནས་ཀ་རྡོར་སྒང་གསུམ་གཙོར་བྱས་པའི་མི་མང་ཁྲི་གཉིས་ལྷག་ཙམ་ལ་ཟབ་རྒྱས་ཀྱི་གསུངས་ཆོས་ཟབ་མོའི་བཀའ་དྲིན་བསྩལ་གནང་མཛད་པ་དེ་མཇལ་རྒྱུ་བྱུང་། གནས་ཚུལ་ཐབས་སྡུག་ཞིག་ལ་བོད་ལྷ་ས་མལ་གྲོ་གུང་དཀར་སོགས་སུ་ཡོད་པའི་རྒྱ་མིའི་གཏེར་ཁ་རྔོགས་འདོན་བྱེད་སའི་ས་གནས་ཞིག་ནས་རི་ཉིལ་ནས་མི་གྲངས་བརྒྱ་སྐོར་ཞིག་ས་ཞབས་སུ་མནན་པ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པའི་གནས་ཚུལ་འདུག 
 

Wednesday, March 27, 2013

འབྱོར་ལྡན་མི་ཚང་ཞིག་ནང་དུ་མགྲོན་ལ་སོང་བའི་ཉིན་མོ།

གནས་མགྲོན་རྣམས་མཉམ་དུ་ཉི་ར་ནང་དུ་།
ཉིན་མ་ཁ་ཤས་སྔོན་ནས་ངོས་ཀྱི་དགེ་ཕྲུག་ཀེའུ་ཐེའི་འམ་ཆོས་མིང་དུ་ཀརྨ་དགེ་ལེགས་ནས་འཆར་གཞི་ལྟར་དུ་ཁོ་རང་གི་གྲོགས་པོ་མི་ཚང་ཞིག་ནང་དུ་ཉིན་གུང་ཟ་མ་རུ་འགྲོ་རྒྱུ་བྱས་པ་ལྟར་ངེད་གཉིས་ཆུ་ཚོད་བཅུ་གཅིག་སྐབས་སུ་འདི་ནས་སྐར་མ་སུམ་བཅུ་ཙམ་གྱི་སར་ཡོད་པའི་འབྱོར་ལྡན་སྐད་གྲགས་ཅན་རྣམས་བསྡད་ས(སུའུ་རིའུ་ཎ་) ཞེས་པའི་ས་ཆ་དེར་འབྱོར་ལྡན་གཟའ་མི་གཉིས་ཡོད་ས་དེར་སོང་། མི་ཚང་འདི་ནི་ཁང་པ་དང་ས་ཞིང་གཡོག་པོ་གཡོག་མོ་སོགས་ལ་བལྟས་ན་ཧ་ཅང་འབྱོར་ལྡན་ཞིག་ཡིན་ཚོད་འདུག ངེད་གཉིས་ནང་དུ་འབྱོར་བ་དང་མཉམ་དུ་སྐྲ་རིང་རྒྱབ་ཏུ་འཕྱངས་ཞིང་ཁ་སྤུ་ཅན་གྱི་མི་ཞིག་དང་། སྐྲ་དཀར་སྐེ་མཚམས་སུ་སླེབས་པའི་སྐྱེ་དམན་ཞིག་གཉིས་ནས་དེང་དུས་ཀྱི་ལུགས་སྲོལ་ལྟར་དུ་ཁམས་འདྲི་དང་ལག་འཇུ་སོགས་བྱས་ནས་ནང་དུ་འཛུལཁང་པ་བཟོ་བཀོད་ལེགས་ལ་ཡངས་ཤིང་རྒྱ་ཆེ་བ་ནང་དུ་ཆོས་ལུགས་ཡོངས་རྫོགས་ཀྱི་དར་ཆ་དང་། གཡས་གཡོན་ཟུར་ཁུག་རྣམས་སུ་སངས་རྒྱས་ཀྱི་སྐུ་དང་། ཧིན་དུའི་ཚོགས་བདག་སྣ་བོ་ཆེ་སོགས་ཀྱི་སྐུ་རྣམས་ཐོང་རྒྱུ་འདུག མི་ཚང་འདི་ནི་འཁར་རྔ་བརྡུང་རྒྱུ་ལ་དགའ་བོ་ཅན་དང་མ་ཟད་འཁར་རྔའི་སྒྲ་སྐད་ཀྱིས་མི་རྣམས་ལ་གནས་སྐབས་ཀྱི་ནད་བཅོས་བྱེད་མཁན་རེད་འདུག མི་ཚང་འདིར་ཁང་པའི་ནང་དུ་དགོན་ཆེན་གྱི་འཁར་རྔ་འདྲ་བོ་བཅུ་གཉིས་ཙམ་འདུག ང་ཚོ་ཚང་མ་ཉི་མའི་བསིལ་གྲིབ་མཚམས་སུ་བསྡད་པས་རྒྱ་ནག་ནས་ཡིན་པའི་བུ་མོ་ཞིག་དང་། མི་སི་ཁོ་ནས་ཡིན་པའི་སྐྱེ་དམན་ཞིག་བཅས་གཡོག་མོ་གཉིས་འདུག་པས་ང་ཚོའི་ཟ་མ་ཟ་ཆོག་ཆོག་བྱས་ནས་དངུལ་གྱི་ཐུར་མ་ལ་གསེར་གྱིས་རྒྱན་མཛེས་བཀོད་པའི་ཕོརསྡེར་རྣམས་ཟ་ཁྲིའི་སྒང་དུ་བཀོད་འདུག ཟ་མ་རུ་ཉ་ཤ་དང་ཟས་རིགས་གང་དགོས་འདུག་པས་ཕན་ཚུན་་བརྡ་བྱེད་བཞིན་འགྲངས་ཚད་ཟོས། དེ་ནས་གཟའ་ཟླ་གཉིས་ཀྱི་འདོད་པ་ལྟར་དུ་ཁོང་ཚོའི་ཁང་པ་ཕྱི་ནང་ཡོངས་ལ་བལྟད་མོ་བྱས། ཁང་པའི་རྒྱགས་ལོགས་སུ་ཆུ་སྐྱལ་རྩེད་ས་དང་། གཡས་ཕྱོགས་སུ་མེ་ཏོག་ལྡུམ་ར། གཡོན་ཕྱོགས་སུ་སྒོམ་རྒྱག་ས་བཅས་ཧ་ཅང་སྐྱིད་པོ་འདུག མདུན་ཕྱོགས་ཁང་པ་ཐོག་རྩེག་གཉིས་ཅན་ཞིག་ཡོད་པ་དེ་ནི་མགྲོན་པོ་བསྡད་ས་ཡིན་ཟེར། ཁང་པའི་གཡས་གཡོན་རྣམས་སུ་ཤིང་སྡོང་ཆེན་པོ་མང་པོ་ཡོད་པ་རྣམས་ཁ་ཤས་རྒྱ་ནག་དང་། ཁ་ཤས་ཨབ་གྷང་ནི་སི་ཐན་སོགས་ནས་ཆེད་དུ་ཁྱེར་ཡོང་བ་རེད་ཟེར། སྐྱེ་དམན་དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་ནས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་དང་འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་ཀརྨ་དགེ་ལེགས་ངེད་གཉིས་དེ་རིང་ཡག་རབ་དང་བཟང་རབ་སོགས་་བརྡ་བྱེད་བཞིན་ནང་དུ་འབྱོར། 

Monday, March 25, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས།

རྒྱ་མཚོའི་ཟུར་འགྲམ་ཞིག་ནས་བླངས་པའི་པར།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་ཐུང་ཙམ་བྱས། ཞོགས་ཟས་རོལ་བཞིན་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་དཔལ་ལྡན་ནམ་ཀིའི་ཐིའི་རེདཁོང་ནས་ཟེར་ན་དེ་རིང་གནམ་གཤིས་བཟང་བས་ཁར་མེལ་རྒྱ་མཚོའི་འགྲམ་དུ་སྤྲོ་འཁྱམས་ལ་འགྲོ་ཟེརངས་ཀྱང་ཁ་འདོན་ཚར་བ་དང་མཉམ་དུ་འགྲོ་རྒྱུ་མོས་མཐུན་བྱསཁ་འདོན་རྣམས་མ་ཆད་ཙམ་བྱསཉེ་འཁྲིས་སུ་ཡོད་པའི་རླངས་འཁོར་ཁ་ལོ་བ་ཨ་མ་སུ་སིན་ལ་ཁ་པར་གཏངས་ནས་ཤར་རྒྱགས་ཁར་མེལ་རྒྱ་མཚོའི་འགྲམ་དུ་སོང་། དེ་རིང་གནམ་གཤིས་བཟང་བས་མི་རིགས་སྣ་ཚོགས་ལས་གྲུབ་པའི་རྒྱ་མཚོའི་འགྲམ་བྱེ་ཐང་ནི་འདི་ནི་ངོ་མ་གྲོག་ཚང་ཁ་རྡོལ་བ་ནང་བཞིན་རེད་འདུག ལོ་གཞོན་བུ་མོ་རྣམས་ཀྱིས་ངོ་ཚའི་སྒྲིབ་གཡོགས་ནུ་ཤུབས་དང་གསང་ཁེབ་ལས་མེད་པར་དམར་ཧྲེང་དུ་གཟུགས་ངོམས་བྱེད་ནས་འགྲོ་མཁན་འདུག ཁ་ཤས་བྱེ་ཚན་ནང་དུ་སྲོག་བྲལ་གྱི་བེམ་པོ་བཞིན་དུ་ཉལ་འདུག ང་ཚརྒྱ་མཚོའི་ཟུར་ནས་རྐང་འགྲོས་ཁྱུག་ཙམ་བྱས་ནས་ངོས་ཀྱི་དགེ་ཕྲུག་གཉིས་ཀྱི་མོས་མཐུན་ལྟར་རྒྱ་མཚོའི་ཉེ་འགྲམ་དུ་ཟ་ཁང་ཞིག་ནང་དུ་སོང་ནས་ཉིན་གུང་ཟ་མ་རུ་ཤ་མེད་སྔོ་ཚལ་སོགས་འགྲངས་ཚད་ཟོས་ནས་ནང་དུ་འབྱོར། 
 ཉིན་མོ་འདི་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་མི་གྲངས་བཅ་ལྔ་ཙམ་ཞིག་སླེབས་འདུག དེ་རིང་འོད་ཆོག་བསྡུས་པ་བཏོན་ནས་བསྙེན་པའི་སྐབས་སུ་བྷོ་སི་ཊོན་ལ་བཞུགས་པའི་སྤྲུལ་སྐུ་དོན་འགྲུབ་ལགས་ནས་འོད་དཔག་མེད་ཀྱི་བསྐྱེད་རིམ་སྐོར་གསུངས་པའི་འོད་སྡེར་འཁོར་ཐག་ཞིག་ཡོད་པ་དེ་གཏང་ནས་ཚང་མར་ཉན་བཅུགས། ཁོང་ནི་མཁས་དབང་ཞིག་ཡིན་པ་མ་ཟད་དབྱིན་སྐད་ཧ་ཅང་མཁས་པ་ཞིག་རེད་འདུག་པས་མི་མང་ནས་དགའ་བོ་བྱས་སོང་། དེ་ནས་ཆོ་ག་མཐར་དབྱུངས་ནས་ནང་དུ་འབྱོར་ཞིང་ཉིན་ཐོ་མ་ཆད་ཙམ་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Wednesday, March 20, 2013

ཨ་མ་སུ་སིན་གྱི་སྐྱེ་སྐར་ཉིན་མོ།

ཨ་མ་ཀུན་བཟང་དབང་མོའི་སྐྱེ་སྐར་ཉིན་མོ་མཉམ་དུ་བླངས་པའི་པར།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་ཕྱེད་ལྷག་རིང་སོང་ནས་ནང་དུ་འབྱོར། ཞོགས་ཟས་ཚར་མ་ཐག་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་ཚར་བར་བྱས། ཉིན་མོ་འདི་ནི་ཕ་ཡུལ་ཉི་ཧོང་ནས་ཡིན་པའི་ལོ་གྲངས་བཅོ་ལྔ་ཙམ་རིང་བོད་ཆོས་ཉམས་ལེན་ལ་བརྩོན་པ་ཆེན་པོ་གནང་མཁན་ས་གནས་འདིར་ངོས་ཀྱི་སློབ་མ་ཡག་ཤོས་དད་ལྡན་མ་ཆོས་མིང་དུ་ཀུན་བཟང་དབང་མོའམ། (སུའི་སེན་) གྱི་སྐྱེ་སྐར་གྱི་ཉིན་མོ་ཡིན། ཨ་མ་ཀུན་བཟང་དབང་མོ་ནི་ད་ལོ་དགུང་གྲངས་བརྒྱད་བཅུ་གྱ་གསུམ་ཡིན་ཀྱང་ཕར་བལྟད་ཚོད་ལ་གཟུགས་པོའི་དབྱིབས་དང་ངོ་གདོང་གང་ནས་དཔྱད་ཀྱང་ལོ་གྲངས་ལྔ་བཅུའི་ཡས་མས་འདྲ་བོ་ཞིག་ཡོད། ང་ས་གནས་འདིར་འབྱོར་ནས་བཟུང་སྟེ་ད་བར་ཕལ་ཆེར་མི་ལོ་བཞི་མ་ཟིན་གྱི་རིང་ལ་བདེ་ཆེན་ཞིང་སྒྲུབས་གཏན་ནས་ཆད་མྱོང་མེད་པས་དེའི་རིང་ཨ་མ་འདི་ནི་ང་ཚོའི་ཆོས་ཚོགས་ཀྱི་མཆོད་དཔོན་དང་། མ་ཟད་ངོས་ཀྱི་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཀྱང་ཡིན། མོ་རང་ད་ལྟ་ཡང་ཨ་རིའི་གཞུང་གི་དམག་མི་རྣམས་ལ་(ཅེའུ་ཀོང་) ཞེས་རྒྱ་ནག་ནས་དར་བའི་ལུས་རྩལ་སྦྱོང་བརྡར་སློབ་མཁན་གྱི་དགེ་རྒན་ཞིག་ཀྱང་ཡིན། ངོས་ཀྱི་འཇམ་དབྱངས་ཆོས་འཁོར་གླིང་གི་ཆོས་ཚོགས་འདིའི་ནང་དུ་སློབ་མ་གསར་ཞུགས་རྣམས་ལ་ལམ་སྟོན་གནང་མཁན་དང་མ་ཟད་ང་ཡི་དགེ་ཕྲུག་ཡོངས་ཀྱི་ཨ་མ་ལྟ་བུ་ཡིན། མི་ཕལ་ཆེར་གྱིས་ནམ་རྒྱུན་ཨ་མ་ཞེས་འབོད་ཀྱི་ཡོད།
ཁ་སང་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་མེ་ཏོག་ཆག་པ་ཞིག་དང་། སྐྱེ་སྐར་གྱི་ཤིས་ཤོག་ཞིག་ནང་དུ་སྨོན་ཚིག་གིས་རྒྱན་པའི་ཤོ་ལོ་ཀ་གཅིག་གི་སྙན་རྩོམ་ཞིག་ཀྱང་བྲིས།
སྐྱིད་པའི་ཨ་མ་ཀུན་བཟང་དབང་མོ་ཡི།།
སྐྱིད་པའི་སྐྱེ་སྐར་རྟེན་འབྲེལ་དགེ་བའི་ཉིན།།
སྐྱིད་པའི་ཕན་བདེའི་ལེགས་ཚོགས་འབྱུང་བའི་གཞི།།
སྐྱིད་པའི་དམ་ཆོས་འདི་དང་མི་འབྲལ་ཤོག།
ཤིས་ཤོག་དང་མཉམ་དུ་ཁ་གཏགས་བཅས་ཁུར་ནས་འདི་ནས་ཉེ་སར་ཡོད་པའི་ཨ་མ་ངེད་གཉིས་དགའ་ཤོས་ཀྱི་ཝེར་ནམ་ཟ་ཁང་ཞིག་ཡོད་པ་དེའི་ནང་དུ་སོང་། ཨ་མའི་ཆོས་གྲོགས་ཡག་ཤོས་(རྗེན་ནེའུ་)འམ་ཆོས་མིང་དུ་རིན་ཆེན་བཟང་མོ་ཡང་དེར་འབྱོར་འདུག་པས་ངེད་གསུམ་ནས་ངོས་ཀྱི་ཟ་མ་དགའ་ཤོས་ཐུག་པ་ཨང་གྲངས་གསུམ་པ་ཅན་དེ་མངགས་ནས་ཨ་མ་ཀུན་བཟང་དབང་མོའི་སྐྱེ་སྐར་གྱི་ལེགས་སྐྱེས་རྣམས་ཕུལ་ཞིང་མཉམ་དུ་པར་སྒྲོན་པ་སོགས་བྱས། ཉིན་གུང་ཟ་མ་ཚར་བ་དང་མཉམ་དུ་ངོས་ཀྱི་ལས་ཀ་ཞིག་གི་ཆེད་དུ་སྦྲག་ཁང་དང་དངུལ་ཁང་སོགས་ལ་སོང་ནས་ནང་དུ་འབྱོར། དགོངས་མོ་ཆུ་ཚོད་བདུན་པའི་སྐབས་སུ་ལུས་སྦྱོང་གི་འཛིན་གྲ་ཞིག་ཡོད་པས་དེར་སོང་ནས་ནང་དུ་འབྱོར་ཞིང་དགོང་ཟས་མདོར་བསྡུས་ཞིག་ཟོས་ཞིང་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།

Monday, March 18, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཉིན་མོ།

འོད་དཔག་བདེ་བཀོད་ཐང་སྐུ།
ཞོགས་པ་ལངས་ནས་གཟུགས་པོའི་ཕྲོད་བསྟེན་གྱི་ཆེད་དུ་གོམས་འགྲོས་ཀྱིས་ཆུ་ཚོད་ཕྱེད་ཙམ་རིང་སོང་ནས་ནང་དུ་འབྱོར། ཞོགས་ཟས་ཚར་མ་ཐག་ཏུ་ཁ་འདོན་རྣམས་གྲུབ་པར་བྱས། དེ་རིང་ནི་བདུན་རེའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ་དེ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་མི་མང་ཕལ་ཆེར་ཉི་ཤུའི་ཁ་ལྷག་ཞིག་སླེབས་འདུག དེ་རིང་ནི་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབས་ནས་ཆོས་བཤད་མདོར་བསྡུས་བྱས། ལར་ནི་ངོས་ཀྱི་དགེ་ཕྲུག་རྣམས་ནི་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་རིང་གི་ཆོས་གྲལ་དུ་མི་གསར་པ་ཁ་ཤས་ཞིག་འདུག་པས་དེ་རྣམས་ཀྱི་ཆེད་དུ་འོད་དཔག་མེད་ཀྱི་བསྙེན་པའི་ལུང་ཞིག་ཀྱང་བཏོན་པ་ཡིན། འཚོགས་པ་ཚར་བ་དང་མཉམ་དུ་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མ་ཆད་ཙམ་ཞིག་གཏང་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, March 13, 2013

འཛིན་གྲའི་ནང་དུ་ཐུགས་སྤྲོ་གཏང་བའི་ཉིན་མོ།

འཛིན་གྲོགས་རྣམས་དང་ལྷན་དུ་བླངས་པའི་ཟུར་པར་ཞིག
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་སྐར་མ་བཞི་བཅུ་ཙམ་བྱས་ནས་ནང་དུ་འབྱོར་ནས་ཞོགས་ཟས་མདོར་བསྡུས་ཚར་བ་དང་མཉམ་དུ་ཁ་འདོན་རྣམས་ཚར་བར་བྱས་ཤིང་དྲྭ་ངོས་སུ་ཉུལ་བས་དྲ་གྲོགས་ཀླུ་སྨྱོན་ཧེ་རུ་ཀའི་ངོ་དེབ་ནང་དུ་ཕ་ཡུལ་སྒ་སྐྱེ་དགུ་མདོ་ནས་ཡིན་ཅིང་། ཆོས་ལུགས་ས་སྐྱ། སློབ་སྦྱོང་བོད་ཀྱི་རྫོང་གསར་ནས་གནང་འི་མཁན་པོ་བཀྲ་ཤིས་བསམ་འགྲུབ་ཞུ་བའི་ཆོས་པ་ཞིག་དགུང་ལོ་སུམ་བཅུ་སོ་དགུའི་སྐབས་སུ་འདས་གྲོངས་སུ་ཕྱིན་འདུག གྲོངས་མ་ཐག་ཏུ་ཐུགས་གདམས་གསལ་འདེབས་སོགས་བྱེད་མཁན་སུ་ཡང་མེད་པར་རང་སྟོབས་ཀྱིས་ཐུགས་གདམས་ལ་བདུན་ཕྲག་གསུམ་རིང་བཞུགས། སྐུ་གདུང་མེ་ལ་བཞུས་པའི་སྐབས་སུ་ནམ་མཁར་འའ་འོད་ཀྱི་གུར་ཕུབ་ཅིང་། ས་གཞིར་དངོས་སུ་མེ་ཏོག་དཀར་པོའི་ཆར་པ་བབས་པ་མ་ཟདཐང་དཀར་རྒོད་པོ་གཉིས་ནས་པུར་གདུང་ཐད་ཀྱི་ནམ་མཁར་གཡས་སུ་ལྡིང་སྐོར་བྱསྐུ་གདུང་ཞུགས་འབུལ་བྱེད་སའི་གཡས་གཡོན་རྣམས་སུ་རིང་བསྲེལ་ཁ་དོག་སྣ་ལྔའི་ཆར་བབས་པ་སོགས་ཡ་མཚན་ཅན་གྱི་གློག་བརྙན་ཞིག་མཇལ་རྒྱུ་བྱུང་། དེ་ནི་གུ་རུ་རིན་པོ་ཆེའི་ཞལ་ནས། 
སྙིགས་མའི་མུན་པ་འཐིབ་པའི་དུས༔ 
གསང་སྔགས་བྱིན་རླབས་མེ་ལྟར་འབར༔ 
ཅེས་བསླུ་མེད་རྡོ་རྗེའི་ཐ་ཚིག་འདི་ལ་ཡིད་ཆེས་ཡང་ནས་རྙེད་པ་མ་ཟད་དུས་ངན་འདི་འདྲའི་ཁུག་སོར་རྟོག་གེ་མགོ་འཁྲེག་རང་གི་མཐོང་ཡུལ་གཅིག་པུ་ལས་གཞན་ཚད་མར་མི་འཛིན་མཁན་ཆོས་མེད་ལོག་ལྟ་ཅན་རྣམས་ལ་དཔངས་རྟགས་ཀྱི་ཆེད་དུ་དེང་སང་འདི་འདྲ་རེ་ཡོད་ན་སྔ་ནས་བསམ་བཞིན་ཡོད་པས་དེ་རིང་ནི་སེམས་ལ་དགའ་སྐྱོ་འདྲེས་མ་ཞིག་བྱུང་། སྐྱོ་དགོས་པ་ཞིག་ལ་ང་ཡང་ཁོང་དང་འདྲ་བ་མཁན་པོའི་མིང་ཁུར་ནས་འཛམ་གླིང་གང་སར་གཞན་དོན་ཁ་ལ་སྙད་དེ་ལོག་འཚོ་ལྔ་ཡི་ཁུར་པོ་ཕྲག་ཏུ་ཁུར་ནས་ཁྱི་སྡོམ་བཞིན་དུ་འཁྱམས་ཉུལ་བྱས་བྱས་ནས་ཤི་ཚར་དུས་ཐུགས་དམ་ལ་འདུག་རྒྱུ་ཕར་ཞོག་ནམ་ཞིག་མགོ་སེར་བསོད་ཟད་མི་ཚང་ཞིག་གི་ནང་དུ་སྡུག་རོ་དེ་བསྐྱལ་ས་རེད་བསམ་ནས་སེམས་ནང་སྐྱོ་བ་འདྲ་ཞིག་སླེབས་བྱུང་། 
དེ་རིང་ནི་ངོས་ཀྱི་དབྱིན་ཇི་འཛིན་གྲྭའི་ནང་དུ་ཐུགས་སྤྲོ་ཞིག་ཡོད་པས་དེ་ལ་དགོངས་ཟས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཟས་མཆོག ལྷག་པར་དུ་རྗེ་བཙུན་མི་ལའི་ཁ་ཟསབརྒྱ་གོ་གཅིག་ཆོད་ཟྭ་ཐུག་ཞིམ་པོ་ཞིག་དང་ལོ་གསར་སྐབས་སུ་ཁམ་ཟས་ལྷག་འཕྲོ་དེ་རྣམས་ཁུར་ནས་ཆུ་ཚོད་དྲུག་པའི་སྐབས་སུ་འཛིན་ཁང་ནང་དུ་སོང་། མི་རིགས་དཀར་སེར་དམར་ལྗང་ངོས་ཀྱི་སློབ་གྲོགས་རྣམས་ནི་ཟིང་ཟིང་ལོང་ལོང་འཛིན་ཁང་འུར་སྒྲས་ཁེངས་བསྡད་འདུག ང་ནང་དུ་འབྱོར་བ་དང་མཉམ་དུ་ཚང་ས་སྐད་ཤུགས་ཆེན་པོའི་ཧ་ལོ་ཀརྨ་ཞེས་ངས་ནི་དང་པོ་སུ་ལ་ཡ་ལན་བྱེད་དགོས་མིན་མ་ཤེས་པར་གཡས་གཡོན་རྣམས་ནས་འབོད་རྐྱང་བྱེད་ཀྱི་འདུག འཛིན་གྲོགས་མང་ཆེ་བ་མེའ་སི་ཁོའི་མི་རིགས་དང་གཞན་ཀོ་རི་ཡ་སོགས་མཐོར་བསྡུས་ཁ་ཤས་ཡོད། འཛིན་གྲར་བོད་པ་ང་གཅིག་པུ་མ་ཟད་གྲྭ་པ་ཡང་ང་གཅིག་པུ་ཡིན་པས་ཁོང་ཚོའི་ང་ལ་ཀརྨ་ཞེས་འབོད་ནས་ཚང་མས་ང་ལ་དགའ་བོ་བྱེད་ཀྱི་ཡོདདགེ་རྒན་དེས་ང་ལ་ཧ་ཅང་དམིགས་བསལ་བྱེད་ཀྱི་ཡོད། ཉེ་བའི་ཆར་ཡིག་ད་གཏངས་བའི་སྐབས་སུ་ང་ཚོའི་འཛིན་གྲྭ་ནང་དུ་མི་གྲངས་སུམ་བཅུ་སོ་གཉིས་ཡོད་པའི་ནང་ནས་ང་ཨང་དང་པོ་རེད་འདུག་ཟེར། བདུན་ཕྲག་རྗེས་མར་ང་འཛིན་གྲྭ་b4 ལ་སྤར་བའི་འཆར་གཞི་རེད། ང་ནི་ཡིད་མ་ཆེས་པ་འདྲ་བོ་བྱུང་གང་ཡིན་ཞེ་ན་དེ་སྔ་ཕན་ཆོད་རྒྱ་བོད་གང་ནས་ཡིན་ཀྱང་སྐད་རིགས་ཀྱི་འཛིན་གྲྭ་ལ་ཉིན་གཅིག་ལའང་འགྲོ་མྱོང་མེད་ཀྱང་ནང་ཆོས་ཀྱི་བཤད་གྲྭའི་སློབ་སྦྱོང་དེས་ཏན་ཏན་རིག་པ་འགྲོ་སྟངས་སོགས་ལ་ཕན་ཐོག་ཆེན་པོ་འདུག་བསམ་པའི་ངེས་ཤེས་རྙེད་བྱུང་། འཛིན་གྲོགས་རྣམས་ནས་ཁ་ལག་ཟའ་བཞིན་སྐད་ཆ་བཤད་པ་དང་། ཁ་ཤས་ཀྱིས་དེང་དུས་རྐུབ་གཡུགས་ཀྱི་ཞབས་བྲོ་རྒྱབས་པ་སོགས་འཛིན་ཁང་འུར་སྒྲས་ཁེངས་སོང་། དེ་ནས་ཆུ་ཚོད་དགུ་པའི་སྐབས་སུ་འཛིན་གྲོགས་ཕོ་མོ་རྣམས་ལ་གྱེས་བྲལ་གྱི་ལག་གཡུགས་དང་འཐམ་འཁྱུད་སོགས་ཀྱང་བྱསངོས་ཀྱི་རླངས་འཁོར་ཁ་ལོ་བ་དད་ལྡན་མ་ཨ་མ་སུ་སིན་སླེབས་བྱུང་བས་རླངས་འཁོར་ནང་དུ་ཞུགས་ནས་ནང་དུ་འབྱོར
 བདག་ཀྱང་ནམ་ཞིག་འཆི་བའི་དུས་བྱུང་ཚེ།། 
ཐུགས་དམ་བཞུགས་ཤིང་རིང་བསྲེལ་མ་བྱུང་ཡང་།། 
འཆི་ཁར་སྡུག་གིས་བྲང་ལག་མི་འཐབ་ཅིང་།། 
གནད་གཅོད་དྲག་པོའི་སྡུག་བསྔལ་མི་མྱོང་ཤོག། 

ཐི་རིམ་བརྒྱད་ཀྱི་སྣང་བ་འཆར་བའི་དུས།།  
གཞི་གནས་འོད་གསལ་མ་བུ་ངོ་འཕྲོད་ནས།། 
འཆི་ཁ་བར་དོའི་འཕྲང་ཆེན་ལས་གྲོལ་ཞིང་།། 
སྐད་ཅིག་ཡར་གྱི་ཟང་ཐལ་བགྲོད་པར་ཤོག 
སྨོན་ཚིག་གིས་བརྒྱན་པའི་ཤོ་ལོ་ཀ་གཉིས་ཅན་གྱི་རྩོམ་ཐུང་དང་སྦྲགས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།

Sunday, March 10, 2013

གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་བཞིའི་ཉིན་མོ།

སྐད་འབོད་ཚར་བའི་སྐབས་སུ་མཉམ་དུ་བླངས་པའི་ཟུར་པར་ཞིག
ཉིན་མོ་འདི་ནི་ཕ་ས་དང་ཕ་ནོར་རྣམས་དགྲ་བོས་བཙན་འཕྲོག་བྱས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་ང་བཞི་ཏག་ཏག་འཁོར་བའི་སྐྱོ་གདུང་གི་ཉིན་མོ་ཞིག་རེད། དེ་ནས་བཟུང་སྟེ་ད་བར་གཞིས་བྱེས་བོད་རིགས་སྐྱབས་བཅོལ་བ་མང་པོ་ཞིག་ནས་ཉིན་མོ་འདིར་གསུམ་བཅུ་དུས་དྲན་ཞེས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ནས་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམས་བགྲོད། རྒྱལ་ཚོགས་ཞུ་གཏུགས། མར་མེ་ཁྲོམ་སྐོར། རང་ལུས་མེར་བསྲེགས་སོགས་ཡ་ང་བའི་ལས་འགུལ་འདིའི་བརྒྱུད་ནས་བོད་རིགས་ཙམ་མ་ཟད་ཕྱི་རྒྱལ་བ་མང་པོ་ཞིག་ལ་རང་བཞིན་གྱིས་འཁྱམས་བཞིན་པའི་བོད་རིགས་འདི་རྣམས་སྐྱབས་བཅོལ་བའི་བོད་པ་ཞིག་དང་། མཁའ་དབྱིངས་སུ་འཕྱར་བཞིན་པའི་གངས་སེང་ཅན་གྱི་རྒྱལ་དར་འདི་བོད་ཀྱི་རྒྱལ་དར་ཡིན་པ་ཤེས་ཐུབ་ཀྱི་ཡོད། འོན་ཀྱང་བོད་ཀྱི་སྤྱི་ཚོགས་ནང་དུ་བཤད་སྲོལ་ལ། (ཆོས་སྲིད་)ཞེས་པའི་ཚིག་དུམ་འདི་གཉིས་ལ་མི་མང་པོ་ཞིག་ནས་གོ་བ་ལེན་སྟངས་མི་འདྲ་བ་དང་འགྲེལ་བཤད་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད། ཁ་ཤས་ཀྱིས་ཚིག་མཛེས་པོའི་སྒོ་ནས་ཆོས་སྲིད་ཟུང་འབྲེལ་ཞེས་འགལ་མེད་གཅིག་ཏུ་སྒྲུབ་པ་དང་། ཁ་ཤས་ཀྱིས་ཆོས་སྲིད་གཉིས་ལྷན་གཅིག་ཏུ་དངོས་འགལ་མེ་ཆུ་ལྟར་དུ་འདོད་མཁན་ཀྱང་མི་ཉུང་བ་ཞིག་ཡོད་པ་མ་ཟད་སེམས་ཕམ་དགོས་པ་ཞིག་ལ་བླ་མ་གྲྭ་པས་བོད་དོན་ལ་དོ་སྣང་བྱས་པ་ཙམ་གྱིས་ཁོ་སྲིད་དོན་པ་རེད་ཞེས་གྲྭ་ཚང་གིས་འགོས་ནད་ཅན་ལ་སྡང་བ་ནང་བཞིན་ཟུར་ལ་བཀར་ཅི་ཐུབ་བྱེད་མཁན་རེ་ཟུང་ཙམ་ག་ལ་ཡིན། ངོས་ལ་མཚོན་ན་སྲིད་དོན་ཞེས་པའི་ཚིག་དུམ་གཉིས་པོའི་བཀག་རྡོའི་རྭ་བ་ལས་ཡོངས་སུ་གྲོལ་ནས། ད་ལྟ་ཡར་ལྟོས་དཔོན་མེད། མར་ལྟོས་གཡོག་མེད། སྐྲག་ས་དང་ཞེད་ས་གང་ཡང་མེད། རྒྱུ་མཚན་དེར་བརྟེན་དེ་སྔ་ཕན་ཆོད་རང་ཉིད་བོད་པ་ཞིག་ཡིན་པའི་རྒྱུ་མཚན་དང་མ་ཟད་བོད་ནས་གསར་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ད་ལྟའི་ཡ་ང་བའི་གནས་སྟངས་འདི་ཆོས་སྲིད་ཞེས་ཁག་དཀྲི་ས་ཞིག་ཏུ་མ་ཡིན་པར་རང་དོན་རང་ཆེས་ཀྱིས་མི་མང་དང་མཉམ་དུ་སྐད་འབོད་དང་། མ་ཟད་ང་རང་སྒེར་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་ནམ་རྒྱུན་དུ་དངོས་ཡོད་བོད་ཀྱི་གནས་སྟངས་སྐོར་འགྲེལ་བཤད་སོགས་གང་ཐུབ་བྱེད་ཀྱི་ཡོད། དེ་རིང་ཡིན་ནའང་ནམ་རྒྱུན་ས་གནས་འདིར་ང་ཚོ་བོད་རིགས་གསུམ་ལས་མ་གཏོགས་མེད་ཀྱང་གསུམ་བཅུའི་དུས་དྲན་དང་༧རྒྱལ་བའི་འཁྲུངས་སྐར་སོགས་ལ་རང་འགན་རང་ཁུར་གྱིས་ལས་ཀ་རྣམས་ཧུར་ཐག་བྱེད་ཀྱི་ཡོད། དེ་རིང་ནམ་རྒྱུན་ངོས་ཀྱི་ལས་རོགས་བུ་མོ་ཀུན་བཟང་ལས་ཀས་རྐྱེན་པས་ཁྱུག་ཙམ་ཞིག་ལས་དུས་ཚོད་ཆ་ཚང་གཏང་ཐུབ་མ་སོང་། ཨ་ཅ་ཆོས་འཛིན་མ་ལ་ཐུག་འཕྲད་བྱེད་ལ་སོང་ནས་ས་གནས་འདིར་བསྡད་མེད་སྟབས་ངོས་ཀྱི་དགེ་ཕྲུག་རྣམས་གཙོས་ཨ་རི་བའི་མི་རིགས་དཀར་ནག་འདྲེས་མ་སྡོམ་པས་མི་གྲངས་བཞི་བཅུ་མ་ཟིན་ཙམ་ཞིག་སྐད་འབོད་ལ་སླེབས་འདུག དང་པོ་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་ནས་གསུམ་བཅུ་དུས་དྲན་ངོ་སྤྲོད་མདོར་བསྡུས་ཞིག་ཚར་བ་མཉམ་དུ་མི་མང་རྣམས་བང་བསྒྲིགས་ནས་ལག་ཏུ་འཕྲེད་དར་འདྲ་མིན་དང་བོད་པའི་རྒྱལ་དར་སོགས་ཁུར་ནས་རླངས་འཁོར་ལམ་ཟུར་ནས་རྐང་འགྲོས་ཀྱིས་ཁ་ནས་བོད་རང་བཙན་ཞེས་སྐད་འབོད་བྱེད་བཞིན་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ས་གནས་སུ་སླར་ཡང་འཛོམས། མཐའ་སྡོམ་སྐབས་སུ་ངོས་ཀྱི་དབྱིན་ཇི་ཆག་རོ་རྒྱབ་ནས་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་མདོར་བསྡུས་ཞིག་གིས་མཇུག་བསྡུས་ནས་སོ་སོའི་ནང་དུ་ལོགས།  

བོད་དོན་འགན་ཁུར་བྱས་པ་ན།། 

ལ་ལས་སྲིད་དོན་སྲིད་དོན་ཟེར།།
ལ་ལས་ཆོས་སྲིད་ཟུང་འབྲེལ་ཟེར།།  
ཁོ་བོས་འགལ་མེད་འདི་ལྟར་མཐོང་།།
ཁྱེད་ཀྱིས་བརྩད་བཞིན་བོད་དོན་འདིར།། 
བརྩད་མཁན་བོད་པ་ཡིན་ནམ་མིན།།
གལ་སྲིད་བོད་པ་ཡིན་པས་ན།།
དེ་ནི་ཁྱེད་ཀྱི་ལས་འགན་ཡིན།།
གལ་སྲིད་བོད་པ་ཡིན་བཞིན་དུ།། 
བོད་དོན་སྣང་མེད་བོར་བ་ན།།
གང་ཟག་དེ་ཡི་ཤེས་རྒྱུད་ལ།། 
ཆོས་སྲིད་གཉིས་ཀ་མེད་པས་ཁྱབ།།
ད་ལྟའི་བོད་མིའི་གནས་སྟངས་འདི།། 
རང་ཉིད་བོད་པ་ཡིན་བཞིན་དུ།། 
སྲིད་ལ་ཁག་དཀྲིས་གཡུགས་བཞག་ན།།
རྒྱུ་འབྲས་འགལ་ཚབས་དེ་ལས་ཅི།།
ཆོས་ཀྱི་སྙིང་པོ་རྒྱུ་འབྲས་ཞེས།། 
ཤཀྱཱཐུབ་པས་མ་གསུངས་སམ།། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 
 

Tuesday, March 5, 2013

རྩ་བའི་བླ་མ་རྨི་ལམ་གཏངས་བའི་ཉིན་མོ།


སངས་རྒྱས་སྐུ་དངོས་བླ་རྒན་རིན་པོ་ཆེ།།
ད་ནངས་ཞོགས་པ་ཆུ་ཚོད་ལྔ་ཙམ་སྐབས་སུ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་བཀའ་དྲིན་ཟླ་མེད་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་བྲག་རི་དཀར་པོ་ཞིག་གི་ཟུར་ནས་སྐུ་ལུས་གཞོན་ཉམས་ཞལ་འཛུམ་མདངས་ཅན་ཞིག་མཇལ་བ་རྨིས་བྱུང་། ངེད་དཔོན་སློབ་གཉིས་ཀ་ཡུན་རིང་མ་འཕྲད་པའི་མ་བུ་ལྟ་བུའི་ཚོར་སྣང་གིས་ཕན་ཚུན་བཀའ་མོལ་མང་པོ་ཞུས། མཐར་རིན་པོ་ཆེ་ནས་ངོས་ལ་ཉམས་ལེན་སྐོར་ཚིག་ཁ་ཤས་ཞིག་གསུངས་སོང་ཡང་འགྱོད་དགོས་པ་ཞིག་ལ་ད་ནང་གཉིད་སད་པའི་སྐབས་སུ་དྲན་པའི་ཡུལ་ལ་མི་འདུག དེ་ནས་ནམ་རྒྱུན་ཞོགས་འདོན་རྣམས་གྲུབ་པར་བྱས་ནས་ལོ་བཞི་ལྔའི་ཡར་སྔོན་ནས་ཁོ་བོའི་བྲིས་པའི་རིན་པོ་ཆེའི་བླ་སྒྲུབས་བྱིན་རླབས་ཆར་འབེབས་དེ་དལ་བུས་ཚར་གཅིག་བཏོན་ནས་མཚན་སྔགས་བསྙེན་མཚམས་སུ་མིག་ནས་མཆི་མ་ཤོར་བཞིན་གཤམས་ཀྱི་གདུང་འབོད་ཀྱི་ཚིག་དེ་རྣམས་བྲིས་པ་ཡིན།
༄།། སྐྱབས་གནས་ཀུན་འདུས་དྲིན་ཅན་རྡོ་རྗེ་ཡི་འཆང་ཆེན།།
སྐྱབས་མཆོག་འཁོར་ལོའི་མགོན་པོ་བུདྡྷ་ཡི་མཚན་ཅན།།
སྐྱབས་བྲལ་མགོན་མེད་བུ་ལ་བརྩེ་ཆེན་གྱི་ཐུགས་རྗེས།།
སྐྱབས་འོག་ཡར་བར་མ་འདོར་དྲིན་ཅན་གྱི་བླ་མ།།
ད་ནངས་སྲོད་ཀྱི་རྨི་ལམ་ཟ་ཟི་ཡི་ཁྲོད་ནས།།
ཐུགས་བརྩེའི་དགྱེས་ཉམས་གསུངས་གླེང་གནང་བ་དེ་དྲན་ནས།།
མིག་མཐའ་མཆི་མས་སྐོར་བཞིན་གསོལ་འདེབས་ཀྱི་བུ་ལ།།
ཐུགས་རྗེའི་གཟིགས་པ་མ་ལྷོད་བརྩེ་ཆེན་གྱི་བདག་ཉིད།།
ལས་ཉོན་རྒྱ་རུ་འཐུམ་པའི་སྲིད་པ་ཡི་གྲོང་འདིར།།
མི་བརྟན་གཅིག་ལས་རྒྱུས་པའི་བདེ་སྡུག་གི་ཆུ་གཉེར།།
ནམ་ཡང་ཟད་མཐའ་མེད་པ་སྲིན་པོ་ཡི་ཟློས་གར།།
འཁོར་བའི་རང་འཚང་འདི་ལ་སྙིང་པོ་ཞིག་མི་འདུག།
ད་ནས་བཟུང་སྟེ་ཚེ་ལྷག་ཉི་ནུབ་ཀྱི་གྲིབ་སོ།།
ངམ་ནག་མུན་པའི་ཞགས་པས་མ་བསྡམ་གྱི་བར་དུ།།
སྙིང་པོའི་དོན་ཆེན་འགྲུབ་པའི་ཡིད་དམ་ཞིག་ཡོད་ན།།
གེགས་མེད་མཐའ་རུ་ཕྱིན་པའི་སྐྱབས་འཇུག་ཞིག་གནང་རོགས།

Friday, March 1, 2013

ཡེ་ཤུའི་འཚོགས་ཁང་ཞིག་ནང་དུ་བདེན་བཞིའི་ཆོས་ཁྲིད་བྱས་པའི་ཉིན་མོ།

མགོན་པོ་ནས་བཟོས་པའི་ཆོས་བཤད་ཀྱི་སྦྱར་བྱང་།
ཉིན་མོ་འདི་ནི་ཟླ་ཤས་གོང་ནས་གཏན་འབེབས་བྱས་པའི་ཡེ་ཤུའི་འཚོགས་ཁང་ཞིག་ནང་དུ་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་རྒྱུན་ལས་འགའ་ནས་གཤམས་བཀོད་སོགས་གྲ་བསྒྲིགས་ཀྱི་བྱ་བ་ལ་བྲེལ་ཟིང་ལངས་འདུག དེ་རིང་ཆོས་ཞུ་བ་མི་གྲངས་ལྔ་བཅུ་ལྷག་ཙམ་ཞིག་འདུག་ཟེར། དེ་རིང་གི་བཤད་བྱའི་ཆོས་ནི་བདེན་བཞི་ལས་སྡུག་བསྔལ་བདེན་པ་ལ་གདོང་ལེན་བྱེད་ཕྱོགས་སྐོར་ཡིན། ལོ་ལྔ་ཡི་ཡར་སྔོན་ཞིག་མ་ལེ་ཤ་ནས་ངོས་ཀྱི་ཆོས་གྲོགས་མཁན་པོ་ཞིག་ནས་བསམ་པ་བཟང་པོའི་སྒོ་ནས་ང་ལ་བསླབ་བྱ་འདི་འདྲ་ཞིག་གནང་མྱོང་། 
 མཁན་པོ་ཁྱེད་རང་ཕྱི་རྒྱལ་བ་རྣམས་ལ་ཆོས་བཤད་བྱེད་སྐབས་ལས་འབྲས་དང་འཁོར་བའི་སྡུག་བསྔལ་སོགས་མང་པོ་བཤད་ན་ཆོས་ཞུ་མཁན་རག་གི་མ་རེད། དེ་ལས་ཁྱེད་རང་ནས་ཛམྦྷ་ལྷའི་འཚོགས་པ་དང་སྦྱིན་བསྲེགས་སོགས་བྱས་ན་དགའ་གི་རེད། 
ཅེས་གསུངས་མྱོང་། གཅིག་བྱས་ན་ཁོ་རང་ནས་ང་ལ་ཤ་ཚའི་སྙིང་གཏམ་ཞིག་ལུས་ཡིན་ཀྱང་གཅིག་བྱས་ན་རང་ཉིད་མཁན་པོ་ཞིག་གི་མིང་ཐོག་ནས་སློབ་མའི་ཆོས་ཕྱོགས་ཀྱི་འགན་ཚད་ལྡན་མ་ཁུར་བའི་སྐད་ཆ་ཞིག་ཀྱང་ཤུགས་ལ་གོ་བྱུང་། ངས་ནི་ནམ་རྒྱུན་མི་རིགས་སུ་འདྲ་ཞིག་ཡིན་རུང་བཤད་རྒྱུའི་ཆོས་ནི་ལས་འབྲས་དང་འཁོར་བའི་སྡུག་བསྔལ་སོགས་ཡང་ཡང་གླེང་གཏམ་བྱེད་ཀྱི་ཡོད་པས་མི་རྣམས་ཇེ་མང་ལས་ཉུང་དུ་འགྲོ་མ་སོང་། དེ་རིང་ཡང་བདེན་བཞིའི་ཆོས་བཤད་སྐབས་སུ་སྡུག་ཀུན་གཉིས་ཀྱི་ཉེས་དམིགས་ལ་དུས་ཚོད་མང་དུ་གཏངས་ནས་བཤད་པས་མི་མང་ནས་དགའ་བོ་བྱས་བྱུང་། 
དེ་རིང་གི་ཆོས་བཤད་གྲུབ་མཚམས་ཡེ་ཤུའི་འཚོགས་ཁང་བདག་པོ་མི་རྒན་དེར་ཁ་གཏགས་ཞིག་དང་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ཞིག་བཅས་ཕུལ། ནང་དུ་འབྱོར་ནས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱངས་ལྟ་ཞིག་བྱས་པས་རྒྱལ་གཅེས་དཔའ་བོ་ཞི་བའི་གོམས་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཡང་སྐྱར་ཐེངས་གཉིས་པའི་ཞི་བའི་གོམས་བགྲོད་བྱེད་རྒྱུའི་གསར་འགོད་སྒྲག་གཏམ་བྱས་ནས་ང་འདྲ་བའི་ཇུས་གཏོགས་ཅན་རྣམས་ཀྱིས་སྐད་ཆ་འདྲ་མིན་གྱིས་འུར་ཟིང་ལངས་བཞིན་པའི་སྐབས་རེད་འདུག མི་མང་པོ་ཞིག་ནས་སྔ་ལོར་ཁོང་གིས་རྒྱ་ནག་གི་དར་ཆ་ཁྱེར་བ་དེར་ངོ་རྒོལ་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་མ་ཟད་གཞོན་ལྷན་གཙོས་ཆབ་སྲིད་སྒེར་གྱི་ཁེ་གྲགས་ལ་བེད་སྤྱོད་བྱེད་མཁན་བསམ་མེད་ཁ་ཤས་ནས་ཁོང་མི་བུ་གཉོམ་ཆུང་ཞིག་གིས་རང་སྲོག་དང་གཅེས་པའི་ཆུང་མ་ཡན་བོད་ཀྱི་རྩ་དོན་ལ་བློས་གཏངས་བྱས་ནས་རླབས་ཆེན་གྱི་ཕྱག་ལས་དེར་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ལ། ཤིག་ཐོག་ཏུ་སྟ་རེ་འཕྱར། ཞེས་པའི་དཔེ་ལྟར་དུ་རྐྱེན་ཆུང་ཆུང་ཆེན་པོར་གཏང་ནས་གསར་འགོད་གསལ་སྒྲག་སོགས་བྱས་ནས་ཁོང་གི་རླབས་ཆེན་གྱི་བྱས་རྗེས་དེ་ནག་བསུག་གཏང་ཡོད། ཡིན་ནའང་མི་ང་ཡི་བསམ་འཆར་ནི་ཁོ་རང་མི་སྒེར་པ་ཞིག་གིས་བོད་སྤྱི་བའི་རྩ་དོན་དུ་ཁྱིམ་གཞིས་གཉིས་བློས་གཏང་བ་མ་ཟད་གཅེས་པའི་རང་སྲོག་ཀྱང་བློས་གཏང་ནས་བོད་གཞུང་དང་ཚོགས་པ་སོགས་གང་གིས་ཀྱང་རྒྱུད་བསྐུལ་མེད་པར་རང་ཐག་རང་བཅད་ཀྱིས་རྡ་ས་ནས་བོད་བར་ཞི་བའི་གོམས་བགྲོད་ཆེན་མོའི་ལས་འགུལ་འདི་ལ་དགག་བྱ་མེད་ཅེས་པའི་རྩོམ་ཐུང་ཞིག་ཀྱང་ཁ་བརྡའི་དྲ་ཚིག་ཏུ་བསྐྱལ་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།


དར་དམར་མགོ་བོར་ཁུར་ཀྱང་ཁྱད་པར་མེད།།
དར་ནག་རྐུབ་ལ་གླན་ཀྱང་དེ་བས་མེད།།
ཁྱེད་ཀྱི་ཡོད་ཚད་བློས་གཏང་སེམས་ཤུགས་དེར།།
མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།
དབུ་མ་ཉལ་ནས་བརྩད་ཀྱང་ཁྱད་པར་མེད།
རང་བཙན་ལངས་ནས་བརྩད་ཀྱང་དེ་བས་མེད།།
ཁྱེད་ཀྱི་ལངས་ཕྱོགས་འཐབ་རྩོད་གསར་པ་འདིར།།
མི་བུ་ང་ཡིས་སྙིང་ནས་ཡི་རངས་ཡོད།།
གཞིས་ལུས་བོད་མི་ཡིན་ཀྱང་ཁྱད་པར་མེད།།
བཙན་འབྱོལ་སྐྱབས་བཅོལ་ཡིན་ཀྱང་དེ་བས་མེད།།
ཁྱེད་ཀྱི་ཁ་ཡོད་ལག་ཡོད་བློས་གཏངས་འདིར།།
མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།