Saturday, May 25, 2013

ས་གྷ་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་མོ།

སྟོན་པ་བླ་མེད་ཤཱཀྱ་སེངྒེའི་སྣང་བརྙན།
དེ་རིང་ནི་བདག་ཅག་གི་སྟོན་པ་བླ་མེད་ཤཱཀྱའི་རྒྱལ་པོ་ཉིད་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ། སངས་རྒྱས་པ་བཅས་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་འདིར་ཞོགས་པ་སྔ་བོར་ལངས་ནས་གཙང་ཁང་གད་བརྡར་སོགས་བྱས་ནས་རང་འཁོས་དངོས་སུ་འབྱོར་ཚོད་མཆོད་པ་ག་ཤམས་ནས་ཞོགས་ཟས་ཚར་མ་ཐག་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཞིག་རྟེན་གྱི་དྲུང་ནས་བླངས་ཤིང་ནམ་རྒྱུན་འབྲལ་མེད་དུ་འཆངས་བའི་བེའུ་བུམ་དེ་ཁ་ཕྱེས་ནས་རྒྱུ་འདོན་ལ་བྲེལ། དེ་རིང་ནི་སྤྱིར་དུ་བྱས་ན་ས་གྷ་ཟླ་བ་འབུམ་འགྱུར་གྱི་དུས་ཆེན་ཁྱད་པར་ཅན་དང་མ་ཟད་དེ་རིང་གི་ཚེས་པ་བཅོ་ལྔའི་ཉིན་མོ་འདི་དུས་ཆེན་སུམ་འཛོམས་ཡིན། དེ་དང་མ་ཟད་དེ་རིང་ནི་ཟླ་འཛིན་ཀྱང་ཡོད་སྟབས་ཟག་བཅས་ཀྱི་ཁ་འདོན་རྒྱས་པ་རྣམས་ཚར་མ་ཐག་ཟག་མེད་ཀྱི་མཉམ་བཞག་ངང་དུ་མོས་པ་འདྲ་བྱས། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་ཆོས་བྱེད་ཟེར་དུས་ལམ་དང་ལུགས་སྲོལ་འདྲ་ཞིག་གི་ངང་ནས་ལུས་ངག་ལྟར་སྣང་གི་དགེ་བ་ཉིད་གཙོར་འདོན་བྱེད་པ་ལས་སེམས་ཀྱི་གནས་ལུགས་ཀྱི་ངོ་བོ་ལ་བལྟ་ནས་དཔྱད་འཇོག་གི་སྒོམ་བྱེད་མཁན་མི་མང་ཁྲོད་ལ་ཕལ་ཆེར་དཀོན་པོར་སྣང་། ལུས་ངག་ཟག་བཅས་ཀྱི་དགེ་བ་གཅིག་པུའི་སངས་མི་རྒྱས་པ་ནི་སྤྱོད་འཇུག་ལས། 
གང་གི་ཆོས་ཀྱི་དོན་པོ་མཆོག། 
སེམས་ཀྱི་གསང་འདི་མ་ཤེས་ན།། 
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། 
དེ་དག་དོན་མེད་གྱི་ནར་འཁྱམས།། 
ཞེས་གསུངས་པ་བཞིན་སེམས་ཀྱི་གསང་ངམ་སེམས་ཀྱི་གནད་འདི་ལ་བྱ་ར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། ནམ་རྒྱུན་ངོས་ཀྱི་ཁ་འདོན་ནང་དུ་ཡོད་པའི་རྫོགས་པ་ཆེན་པོ་ལྟ་བའི་དྲན་བསྐུལ་འདི་དབྱངས་དང་བཅས་པས་ཚར་གཅིག་འདོན་ནས་རྗེས་སུ་སྒོམ་བྱེད་དུས་སེམས་ལ་ཕན་པོ་ཞིག་ཡོང་གི་ཡོད། 
མ་ཡེངས་མ་ཡེངས་དྲན་པའི་རྒྱངས་སོ་ཚུགས།། 
གཡེངས་བའི་ལམ་ལ་བདུད་ཀྱི་ཇག་པ་ཡོད།། 
ཆགས་སྡང་ཞེན་པའི་སེམས་འདི་བདུད་ཡིན་པས།། 
གཉིས་འཛིན་ཀུན་གྲོལ་སྒྱུ་མའི་ངོ་བོར་བལྟོས།། 
ཀ་དག་མ་བཅོས་རང་སེམས་མངོན་གྱུར་པ།། 
སངས་རྒྱས་གཞན་ན་མེད་དོ་རང་སར་ཞོགས།། 
གཞན་ནས་འཚོལ་རྒྱུ་མེད་དོ་རང་བབས་ཞོགས།། 
མ་སྒོམས་ལྷུན་འགྲུབ་ཡིན་པས་རྒྱལ་ས་ཟུངས།།
ཞེས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་བཞག་བྱེད་ཁུལ་བྱས་པས་སེམས་ལ་བརྗོད་དུ་མེད་པའི་བདེ་བ་དང་ཐུན་བར་དུ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དྲན་བཞིན་མིག་ནས་མཆི་མ་རང་དབང་མེད་པར་ལན་འགའ་ཤོར། 
 དེ་རིང་གི་དགེ་རྩ་བཟང་པོ་དེ་ཉིད་དགེ་རྩ་འཛད་པའི་རྒྱུ་དང་མ་འཕྲད་པའི་གོང་ནས་སྤྱོད་འཇུག་སྨོན་ལམ་ཚར་གཅིག་དང་མཉམ་དུ་བསྔོ་བ་དང་སྨོན་ལམ་གང་ཤེས་བྱས། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།

Monday, May 20, 2013

བློ་ལྡོག་རྣམ་བཞིའི་ཆོས་བཤད་བྱས་པའི་ཉིན་མོ།


དེ་རིང་གི་ཉིན་མོ་འདི་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ་ཡིན་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་མི་མང་ནས་འཚོགས་ཁང་ཕལ་ཆེར་ཁེངས་འདུག དེ་རིང་ནི་ངོས་ཀྱི་དགེ་ཕྲུག་རྣམས་ཀྱི་འདོད་པ་ལྟར་དུ་སྔོན་འགྲོ། (བློ་ལྡོག་རྣམ་བཞིའི) ཆོས་བཤད་རྒྱུ་དེ་ཡིན། བདེ་ཆེན་ཞིང་སྒྲུབ་བསྡུས་པ་ཞིག་བཏོན་ནས་ངོས་ཀྱི་དགེ་ཕྲུག་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་བརྒྱུད་ནས་ཆོས་ཁྲིད་འགོ་བཟུང་ཞིང་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཞི་པོ་རིམ་བཞིན་འགྲེལ་བཤད་གང་དྲག་བྱས། ལར་ནི་ལུང་པ་འདིའི་ནང་གི་མི་འདི་རྣམས་ལ་ནང་ཆོས་ཀྱི་སྙིང་པོ་བློ་ལྡོག་རྣམ་བཞི་དང་། འཁོར་བའི་ཉེས་དམིགས། ངེས་འབྱུང་སོགས་བཤད་ན་གཏན་ནས་མི་དགའ། དེར་བརྟེན་ཨ་རིའི་ནང་པ་ཡིན་ཟེར་བའི་མགོ་སེར་འདི་རྣམས་ཀྱིས་གསང་སྔགས་ཀྱི་ཆོས་དང་མ་ཟད་རྫོགས་ཆེན་དང་། ཕྱག་ཆེན་ཞེས་མཐོན་པོའི་ཆོས་ལ་ཧབ་ཐོབ་བྱེད་རྒྱུར་ཧ་ཅང་ནས་ཀྱང་དགའ་བོ་ཡོད། མདོ་རྒྱུད་ནས་གསུངས་པའི་གསང་སྔགས་ཀྱི་སློབ་མ་ཚད་ལྡན་ཞིག་ལུང་པ་འདིར་ཡོད་པ་ཧ་ཅང་དཀོན་པོར་སྣང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པའི་ཞལ་ནས། བླ་མའི་མཆོག་འཚང་ལ་རྒོལ་བ་དང་། གདམས་ངག་གི་མཆོག་འཚང་ཐོག་ཏུ་ཁེལ་བ་ཞེས་གསུངས་བྱིན་རླབས་ཅན་དེ་ལུང་པ་འདིའི་ནང་བེད་སྤྱོད་བྱེད་མཁན་ཕལ་ཆེར་མེད། གལ་སྲིད་བླ་མས་འཚང་ལ་རྒོལ་བའི་གདམས་ངག་གཅིག་གསུངས་ན་ཉིན་མོ་དེ་ནས་བཟུང་སྟེ་སློབ་མས་བླ་མར་དད་ལོག་དང་མི་དགའ་བ་བྱེད་སྲིད། རྒྱུ་མཚན་དེར་བརྟེན་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་ནས་བཀའ་སློབ་ཞིག་གི་ནང་དུ། (མགོ་སེར་འདི་རྣམས་ཀྱི་བདེ་གཤེགས་སྙིང་པོ་ད་ལྟ་གཉིད་ཁུག་བསྡད་ཡོད་རེད། ད་དུང་གཉིད་སད་པའི་དུས་མ་རེད།) ཅེས་གསུངས་འདུག་པས་བཀའ་སློབ་དེ་ངོ་མ་བདེན་པ་རང་རེད་འདུག ཡིན་ནའང་ངས་ཆོས་བཤད་བྱེད་པའི་སྐབས་སུ་ཁོ་རང་ཚོའི་སློབ་མ་རྣམས་ལ་ཕན་ཐོག་མིན་ལ་མ་ལྟོས་པར་ང་རང་ཉིད་ལ་ཕན་ཐོག་ཧ་ཅང་ཆེན་པོ་འདུག གང་ཡིན་ཞེ་ན་རྒྱལ་སྲས་ཞི་བ་ལྷས། (རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས།) གསུངས་པ་ནང་བཞིན་རང་གིས་བསམ་བློ་གཏོང་གིན་་བྱེད་ཡོང་དུས་ཆོས་ཐུན་རེའི་སྐབས་སུ་སེམས་ལ་ཕན་ཐོག་ཆེན་པོ་འདུག དེ་རིང་གི་ཆོས་ཁྲིད་དེ་ནི་ངོས་ཀྱི་དྲ་ཚིག་གསར་པ་འདིའི་ཐོག་ནས། འཛམ་གླིང་གང་སར་བལྟ་ཉན་ཐུབ་ཀྱི་ཡོད་པས་ལོ་མང་པོའི་རིང་མ་ཐུག་པའི་ཨེ་ཤ་ཡའི་ཕྱོགས་སུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་རྣམས་ལ་ཅུང་ཟད་ཐུགས་ཕན་གསོས་ཐུབ་པའི་རེ་བ་ཡོད། དེ་རིང་གི་ཆོས་ཐུན་ལ་མི་མང་གིས་ཧ་ཅང་དགའ་བའི་རྣམ་འགྱུར་བསྟན་སོང་། 

Sunday, May 19, 2013

ལྗོན་ཤིང་གསར་འཛུགས་བྱས་པའི་ཉིན་མོ།

ལྗོན་ཤིང་བྱིན་རླབས་བྱེད་བཞིན་པའི་ཟུར་པར་ཞིག
ེ་རིང་གི་ཉིན་མོ་འདི་ནི་ངོས་ཀྱི་བསྡད་སའི་ཉེ་འཁོར་ས་གནས་monterey ཨ་རིའི་གཞུང་ནས་ལྗོན་ཤིང་གསར་པ་ཁ་ཤས་གསར་འཛུགས་སྐབས་སུ་བདུན་ཕྲག་གཉིས་རིང་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་བརྒྱུད་ནས་ང་མགྲོན་གྱི་གཙོ་བོ་རུ་ཡོང་རྒྱུ་བྱས་འདུག ཨ་མ་སུས་སིན་ངེད་གཉིས་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་ས་གནས་དེར་སོང་། མི་མང་ནས་བྲེལ་ཚུབས་ཀྱིས་ལྗོན་ཤིང་གསར་འཛུགས་བྱེད་བཞིན་འདུག ངས་ཀྱང་ཉེ་ཆར་ངོས་ཀྱི་དགེ་ཕྲུག་རྗེའུ་ཧྥུ་རྒྱ་གར་ལ་འགྲུལ་བཞུད་ལ་སོང་བའི་ལག་རྟགས་སུ་ཧིན་རྡུའི་ཆོས་ལུགས་ཀྱིས་རྩ་ཆེན་དུ་བརྩི་བའི་ཆུ་བོ་ངྒའི་གཙང་ཆབ་ཞིག་ཁུར་འདུག་སྟབས་དེ་རིང་དེ་ལྗོན་ཤིང་སྟོར་རྒྱུ་ཁུར་ཡོད། རྟེན་འབྲེལ་མ་སྒྲིག་རང་འགྲིག་ཞེས་པའི་དཔེ་ལྟར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲངས་སྐར་ལ་རྒྱ་གར་ནས་ཁ་སང་དང་ཨ་རི་ནས་དེ་རིང་ཏག་ཏག་ཁེལ་འདུག་པས་ངོས་ནི་དེ་རིང་གི་མཛད་སྒོར་དེར་བཅར་རྒྱུ་ཧ་ཅང་དགའ་བོ་བྱུང་། མི་མང་རྣམས་ལ་ངོ་ཚ་མེད་པར་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་རྒྱབས་ནས་འདི་ལྟར་བཤད་ཁུལ་བྱས
 དེ་རིང་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནང་པ་ཡོངས་ཀྱི་སྐྱབས་གནས་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྐུ་བལྟམས་པ་དང་། མ་ཟད་སྒོམ་རྒྱབ་པ་དང་། མྱ་ངན་ལས་འདས་པ་སོགས་ལྗོན་ཤིང་གི་དྲུང་དུ་མཛད་པ་མང་པོ་ཞིག་གན་བ་མ་ཟད་ཁོ་རང་ལྗོན་ཤིང་ལ་ཧ་ཅང་ཐུགས་མཉེས་པོ་ཡོད། དེར་བརྟེན་ཁ་སང་རྒྱ་གར་ལུམ་བྷི་ནི་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་ལ་ཁེལ་ཡོད་པས་དེ་རིང་འདིར་ཤིང་སྡོང་གསར་འཛུགས་གནང་བའི་སྐབས་སུ་ངོས་ལ་མགྲོན་འབོད་བྱས་པ་ང་ཧ་ཅང་དགའ་བོ་བྱུང་། འདིར་ཉེ་ཆར་ངོས་ཀྱི་དགེ་ཕྲུག་རྗེའུ་ཧྥུ་ནས་ང་ལ་ཆེད་དུ་རྒྱ་གར་ནས་ཁུར་ཡོངས་བའི་ཆུ་བོ་གངྒའི་ཆུ་ཉུང་ཙམ་ཞིག་ཡོད་པས་དེ་ངས་དེ་རིང་ལྗོན་ཤིང་འདི་ལ་བྱིན་རླབས་བྱེད་ཀྱི་ཡིན། ཁྱེད་རང་ཚོ་ནས་ཀྱང་ས་གནས་འདིར་ཆར་ཆུ་དུས་སུ་འབབསལྗོན་ཤིང་དང་སྐྱེ་ཚལ་སོགས་འཚར་འབྲས་ལེགས་པོ་ཡོང་བའི་སྨོན་ལམ་མཉམ་དུ་གནང་རོགས།
ཞེས་གཏམ་བཤད་བྱེད་ཁུལ་བྱས་པས་མི་མང་ནས་དགའ་འབོད་དང་ལག་པ་རྡབས་པ་སོགས་བྱས་སོང་། དེ་རིང་གི་ལྗོན་ཤིང་འདེབས་འཛུགས་འདི་ནི་གལ་ཆེན་ཞིག་ཡིན་པ་འདྲ་གང་ཡིན་ཟེར་ན་ san francisco ནས་ལས་བྱེད་འགའ་དང་། གློག་བརྙན་པར་ལེན་མཁན་ཁ་ཤས་ཞིག་དང་མ་ཟད་ས་གནས་འདིར་ཡོད་ཀྱི་མི་དྲག་ཁ་ཤས་སླེབས་འདུག ངོས་ནས་བཀྲ་ཤིས་བརྒྱད་པ་དང་ས་ཡི་སྙིང་པོའི་མཚན་གཟུངས་སོགས་གང་དྲག་ཀྱིས་ལྗོན་ཤིང་བྱིན་རླབས་བྱས་ནས་མི་མང་ལ་གྱེས་བྲལ་གྱི་ལག་འཇུ་དང་། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་ཨ་མ་སུས་སིན་ངེད་གཉིས་ནང་དུ་འབྱོར

Sunday, May 12, 2013

འཛམ་གླིང་ཨ་མའི་དུས་ཆེན་ཉིན་མོ།

ཨ་མ་ཀུན་བཟང་དབང་མོ་མཉམ་དུ།
ཉིན་མོ་འདི་ནི་འཛམ་གླིང་སྐྱེ་འགྲོ་སྲོག་ལྡན་ཡོངས་ཀྱི་ཆེས་རྩེ་བ་ཆེ་ཤོས་རྩ་ཆེན་ཨ་མའི་དུས་ཆེན་དེ་ཡིན། ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་ངོས་ཀྱི་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པའི་འོད་སྡེར་གསར་པ་དེ་བཟོ་སྐྲུན་དང་ཉིན་གུང་ཨ་མ་སུས་སིན་དང་མཉམ་དུ་ཟ་མ་བཟའ་རྒྱུ་དེ་ཡིན། དེ་རིང་ནི་གོང་དུ་བཤད་པ་ལྟར་འཛམ་གླིང་སྤྱི་ཡི་ཨ་མའི་དུས་ཆེན་ཡིན་ཀྱང་བོད་ནང་དུ་མཚོན་ན་དེ་རིང་གི་ཉིན་མོ་འདི་ཨ་མའི་དུས་ཆེན་ཡིན་པ་ཕལ་ཆེར་ཤེས་ཀྱི་མེད། ངོས་ལ་མཚོན་ན་མ་མེད་ཁེར་འཁྱམས་ཀྱི་སྡོམ་བུ་ས་ཆ་གང་དུ་སོང་ཀྱང་དེ་རིང་ལྟ་བུའི་ཨ་མའི་དུས་ཆེན་དང་། མ་ཟད་མ་བུ་ལྷན་འཛོམས་བྱུང་བའི་ཁྱིམ་ཚང་སྐྱིད་པོ་རེ་མཐོང་དུས་ངོས་ཀྱི་ཨ་མ་དྲན་པའི་མིག་ཆུ་ཤོར་ཐེངས་རེ་ལ་སེམས་ལ་སོས་མེད་ཀྱི་རྨ་ཁ་རེ་བཟོས་པ་ཐེངས་མ་གཅིག་ག་ལ་ཡིན།  ཡིན་ནའང་སྐྱེས་པའི་ཐ་མ་འཆི་ཞེས་པའི་སྡོམ་ཚིག་འདི་ལ་སྦར་འཇུ་བྱས་ནས་བསྡད་དུས་སེམས་ལ་ཕན་པོ་འདྲ་འདུག ངོས་ཀྱི་ཨ་མ་དེ་རྒྱ་ནག་གཞུང་ནས་བོད་ས་བཙན་བཟུང་བྱས་པའི་ལོ་ཤས་རྗེས་སུ། འབྱོར་ལྡན་གྲལ་རིམ་ཆམས་ལ་ཕབས། ཞེས་པའི་ལས་འགུལ་བོད་ཁམས་སོགས་སུ་བསད་རྡུང་བཙོན་འཇུག་སོགས་སླར་ཡང་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་གནས་སྟངས་འདིའི་འོག་ནས་ངོས་ཀྱི་ཨ་མ་དང་ཨ་ཞང་ཆུང་བ་བླ་མ་ཞིག་བཅས་ནང་མི་འགའ་ལ་འཐབ་རྩོད་དང་། རྡུང་རྡེག་གིས་རྐྱེན་བྱས་ནས་ངོས་ཟླ་བ་གསུམ་ཙམ་ལས་མ་སོན་གོང་དྲིན་ཆེན་ཨ་མ་དེ་དང་ངེད་གཉིས་མཛེས་སྡུག་ལྡན་པའི་འཇིག་རྟེན་འདིར་མི་འདོད་བཞིན་དུ་གསོན་བྲལ་བྱེད་དགོས་བྱུང་འདུག 
ཡིན་ནའང་ཨ་མའི་འཆི་ཁ་མའི་སྨོན་ལམ་ཞིག་ཡིན་ནམ་གང་ལྟར་ཀྱང་ངོས་ནི་ས་ཆ་གང་དུ་སོང་ཀྱང་ཕོ་མོ་རྒན་གཞོན་ཚང་མས་དགའ་དགའ་བྱེད་ས་ཞིག་ལས་ལུས་རྟེན་འདིར་མི་སུ་ཞིག་གིས་ཀྱང་སྙད་སྡང་མ་རབས་སོགས་བྱེད་མ་མྱོང་། དེ་རིང་ནི་ལུས་ཀྱིས་བསྐྱེད་པའི་ཨ་མ་མེད་ཀྱང་། ལས་ཀྱིས་རྙེདཔའི་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་དང་མཉམ་དུ་ཨ་མའི་དུས་དྲན་སྲུང་བརྩི་ཐེངས་གཉིས་པ་དེ་ཡིན། ཀུན་བཟང་དབང་མོ་འདི་ནི་ཕ་ཡུལ་ཉི་ཧོང་ནས་ཡིན་ཀྱང་མི་ཚེ་སུམ་ཆར་ཨ་རིར་གཏངས་བ་མ་ཟད་མོ་ཡིཟའ་ཟླ་འདས་པོ་དེ་ཉིད་ཀྱང་ཨ་རི་བ་ཞིག་ཡིན་སྐད། མོ་རང་ལ་བུ་གཉིས་ཡོདབུ་རྒན་པ་ད་དུང་མོ་རང་དང་མཉམ་དུ་བསྡད་ཡོད་བུ་ཆུང་བ་ས་ཆ་གཞན་ཞིག་ཏུ་ཀོའུ་རི་ཡའི་སྐྱེ་དམན་ཞིག་དང་མཉམ་དུ་བསྡད་འདུག ཁོ་རང་མ་བུ་གསུམ་ཧ་ཅང་ཆམས་པོ་འདུག ཀུན་བཟང་དབང་མོ་ནི་ཀི་ལི་ཧྥོ་ཉ་ནས་ངོས་ཀྱི་དགེ་ཕྲུག་ཡག་ཤོས་ཞིག་ཡིན། ལོ་གྲངས་བརྒྱད་བཅུ་གྱ་གསུམ་ཡིན་ཀྱང་ཕར་ལྟད་ཚོད་ལ་ལོ་དྲུག་བཅུ་ན་ཚོད་ཙམ་ལས་ཕྱིན་མེད། ཨ་མ་འདིས་ནི་ལོ་གཉིས་གོང་ནས་སྙིང་ཐིག་སྔོན་འགྲོའི་ཐོག་ནས་འབུམ་བཞི་ཆ་ང་ཞོགས་ཚར་བ་མ་ཟད་ཕྱག་རྫོགས་ཀྱི་སྒོམ་ལ་མོས་པ་ཧ་ཅང་ཆེ། མོ་རང་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་ཡིན་པ་མ་ཟད་ཆོས་ཚོགས་ཀྱི་མཆོད་དཔོན་ཀྱང་ཡིན། 
དེ་རིང་ཨ་མ་འདི་དང་མཉམ་དུ་ཝེར་ནམ་ཟ་ཁང་ཞིག་ནང་དུ་སོང་ནས་ངོས་ཀྱི་ཐུག་པ་དགའ་ཤོས་ཟས་ཐོ་ཨང་གྲངས་གསུམ་ཅན་དེ་མངགས། ཨ་མ་སུས་སིན་ལ་མེ་ཏོག་ཆགས་པ་ཞིག་དང་། ཤོག་ལིང་ཤིས་ཚིག་གིས་བརྒྱན་པ་ཞིག་བཅས་སྤྲད་པས་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། 

ཨ་རིའི་ཡུལ་གྱི་ལུང་པ་འདིའི་ནང་། 
ཨ་སྔོན་གནམ་ལས་ངོ་ཤེས་མེད་དུས།།
ཨ་མ་ཀུན་བཟང་དབང་མོ་དེ་ཡིས།།
ཨ་ཁུ་ང་ལ་དྲིན་གྱིས་བསྐྱངས་སོང་།། 

མ་བུ་ཞེས་པའི་ཐ་སྙད་འདི་ཉིད།། 
མ་གྱུར་འགྲོ་ལ་སྤྱི་སྐད་ཡིན་མོད།།
མ་མེད་དྭ་ཕྲུག་ང་ཡི་ཨ་མ།།
མ་བཞུགས་ས་ཆ་གང་དུ་བཞུད་སོང་།།

གོང་གི་ཚིག་བཅད་གཉིས་པོ་འདི་ནིསྔ་ལོར་ཨ་མའི་དུས་དྲན་སྐབས་སུ་བྲིས་པའི་རྩོམ་ལས་བཏུས་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, May 10, 2013

མགོ་སེར་མི་རྒན་ཞིག་དང་མཉམ་དུ་ཁ་བརྡ་བྱས་པའི་ཉིན་མོ།

དབྱིན་ཇི་མགོ་སེར་མི་རྒན་དང་མཉམ་དུ།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཐུང་ཙམ་བྱས་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ཚར་མ་ཐག་ཁ་འདོན་ལ་བྲེལ། ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་ཆོས་མིང་དུ་ཀུན་བཟང་དབང་མོ། ཡུལ་མིང་དུ་ཨ་མ་སུས་སིན་སླེབས་བྱུང་ངེད་གཉིས་ངོས་ཀྱི་དགེ་ཕྲུག་རྗེའུ་ཧྥུའི་ནང་དུ་ཤར་བསྐྱོད་བྱས། རྗེའུ་ཧྥུ་དང་ཁོང་གི་གྲོགས་པོ་ཞིག་གཉིས་ནས་སྔ་ལོར་ངོས་ཀྱིས་བྲིས་པའི། (སྙིང་གཏམ་ཆོས་ཀྱི་བདུད་རྩི། )ཞེས་པ་དེ་ཤོ་ལོ་ཀ་རེ་ལ་ཤོག་བྱང་ངམ་card རེ་དང་རྒྱབ་ཏུ་ངོས་ཀྱི་པར་མི་འདྲ་བ་རེ་བཞགས་ནས་ལས་ཀ་ལ་བྲེལ་བཞིན་པའི་སྒང་རེད་འདུག ་རྗེའུ་ཧྥུ་འདི་ནི་ངོས་ཀྱི་སློབ་མ་བྱས་ཤིང་གཡམ་རྒྱུགས་ཙམ་གྱིས་སྐྱབ་སྡོམ་ཞིག་ཞུས་ཡོད་ཀྱང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་ངོས་ཀྱི་ཆོས་ཁྲིད་རྣམས་ལ་ཕལ་ཆེར་ཡོང་མི་ཐུབ། འོན་ཀྱང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ངོས་ཀྱི་ཞིང་སྒྲུབ་འཚོགས་ཁང་ལ་ཁོང་དང་ཁོང་གི་གྲོགས་མོ་གཉིས་ནས་ཞལ་འདེབས་མི་ཉུང་བ་ཞིག་ཕུལ་ཡོད། རྗེའུ་ཧྥུ་ནི་ནམ་རྒྱུན་མི་རྒྱུས་མེད་ཞིག་གིས་ཕར་ལྟས་ཚོད་ལ་འབྱོར་མེད་ཉམ་ཐག་ཞིག་ལསའབྱོར་ལྡན་ཞིག་ཡིན་པ་སུས་ཀྱང་མི་དཔོག གང་ཡིན་ཞེ་ན་ཁོང་ནི་མདོག་སྐྱོ་ལསྐྲ་ཟིང་ཞིང་སྟོད་གོས་དང་དོར་མོ་སོགས་ལ་དྲེགས་པ་ཆགས་ནསཨ་རིའི་homeless ཁང་པ་མེད་མཁན་མི་འདྲ་བོ་ཞིག་ཡོད། འོན་ཀྱང་མི་རྣམས་ཀྱིས་བཤད་ཚོད་ལ་རྗེའུ་ཧྥུ་ནི་ཨ་སྒོར་ས་ཡ་འགའ་ཡི་བདག་པོ་ཡིན་ཚུལ་བཤད་ཀྱི་འདུག གང་ལྟར་ཁོང་དང་ཁོང་གི་གྲོགས་མོ་རྡེའུ་རའི་གཉིས་ནི་ང་ལ་མཚོན་ན་ལོ་གསུམ་རིང་དཔལ་འབྱོར་གྱིས་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་ཡིན་པ་མ་ཟད་ང་ཚོ་ཕན་ཚུན་ཧ་ཅང་མཆམས་མཐུན་གྱི་ཆོས་གྲོགས་ཞིག་ཀྱང་ཡིན། 
རྗེའུ་ཧྥུའི་ལས་ཁུང་ནང་དུ་ངོས་ཀྱི་སློབ་མ་མི་རྒན་གཞན་ཞིག་ཀྱང་འདུག་པས་ང་ཚོ་ཕན་ཚུན་ཁ་བརྡ་བྱེད་མགོ་ཚུགས། སྐད་ཆའི་བར་ནསསྙིང་ཉེ་བའི་མི་དེ་གླེང་གྲངས་མང་ཞེས་པའི་དཔེ་ལྟར་དུ་ངོས་ནས་ཡང་སྐྱར་༧གོང་ས་མཆོག་ཁ་སང་ཨ་རིར་ཕེབས་ཡོད་སྐོར་བཤད་པས། ངོས་ཀྱི་སློབ་མ་མི་རྒན་དེས་ང་ལ་མི་འདོད་པའི་ཉམསདང་བཅས་i am not crazy about Dalai Lama. ཞེས་ཟེར་བ་དང་མཉམ་དུ་རྗེའུ་ཧྥུ་ནས་ཀྱང་བྱ་སྐད་གོ་བ་ནང་བཞིན་འདི་ལྟར་ཟེར། ༼ང་ནི་ཏཱ་ལའི་བླ་མ་ལས་ཀྱང་རིན་པོ་ཆེ་ཁྱེད་རང་ལ་དགའ་དད་ཆེ་བ་ཡོད་ཞེས་ཟེར།༽
 ངས་ཐུགས་རྗེ་ཆེ་ཁྱེད་རང་ནས་ང་ལ་ཆེ་མཐོང་དེ་འདྲ་བཞག་པ་ཡིན་ནའང་ང་ནི་༧གོང་ས་མཆོག་དང་གཏན་ནས་བསྡུར་ཐབས་ཡོད་མ་རེད་ཞེས་ཁོང་གི་མཛད་འཕྲིན་དང་ཆེ་བའི་ཡོན་ཏན་འགའ་བཤད་གྲབས་བྱས་ཀྱང་། མི་རྒན་དེས་ཉན་རྒྱུ་ཕར་ཞོག སྐད་ཤུགས་ཆེན་པོའིང་དགའ་བོ་མེད་ཅེས་ལབ་པ་མ་ཟདང་ཡི་གདོང་པ་ལ་གཅེར་ནས་ཤ་ཚ་བའི་སྙིང་གཏམ་ཡིན་ཁུལ་གྱིསམ་འོངས་པར་རིན་པོ་ཆེ་རང་ནས་ཁྱབ་བསྒྲགས་དང་འཚོགས་པའི་སྐབས་སུ་ཏཱ་ལའི་བླ་མའི་པར་བཞག་པ་དང་མིང་སོགས་བེད་སྤྱོད་བྱས་ན་ཨ་རིའི་མི་མང་ནས་དགའ་བོ་བྱེད་ཀྱི་མ་རེད། ཁྱེད་རང་ད་ལྟ་མོན་ཊེའུ་རེའུ་ནས་སྐད་གྲགས་ཆེན་པོ་རེདངོས་ཀྱི་དགེ་ཕྲུག་ཡིན་ཁུལ་གྱིས་ང་ཡི་གདོང་པར་དེ་བཤད་རྒྱུར་ང་སེམས་སྐྱིད་པོ་མ་བྱུང་། ངས་ཁོ་རང་ལ་ལན་རྒྱགས་གྲབ་བྱས་པས་ཟུར་ནས་ཨ་མ་སུས་སིནནས་ངོས་ལ་མ་བཤད་ཅེས་པའི་རྣམ་འགྱུར་བསྟེན་འདུག་སྟབས་མགོ་སེར་རྒད་པོ་དང་འཐབ་རྒྱུ་མཚམས་བཞག་པ་ཡིན། 
རྗེས་ནས་སུས་སིན་ལ་སྐད་ཆ་དྲིས་དུས་ཁོང་ཚོའི་ནམ་རྒྱུན་༧གོང་ས་མཆོག་ལ་མཚན་སྨས་ཞུ་བ་ཐེངས་མ་གཅིག་ཙམ་གཏན་ནས་རེད་མི་འདུག ལར་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོ་རེ་ནས་རེ་བཞིན་ཧ་ཅང་མཛད་འཕྲིན་རྒྱས་བཞིན་པའི་སྒང་འདིར་ཡེ་ཤུ་དང་། ཧིན་རྡུའི། ཁ་ཆེ་སོགས་ཀྱི་དད་ལྡན་པ་རྣམས་ལ་རང་བཞིན་ཕྲག་དོག་མིག་ནང་གི་ཚེར་མ་ཞིག་ཏུ་གྱུར་སྲིད་ཀྱང་། དེ་རིང་མགོ་སེར་མི་རྒན་འདི་རྟོག་ཡི་འཆར་ནི་སྔ་ལོར་ཨ་རིའི་CNNགསར་འགོད་པས་༧གོང་ས་མཆོག་ལ་བཀའ་འདྲི་འགའ་ཞུས་སྐབས་༧གོང་ས་མཆོག་ནས་སྲིད་འཛིན་བྷི་ཤུ་ལ་དགའ་བོ་ཡོད་གསུངས་པ་དེ་ཡི་རྐྱེན་གྱིས་རེད་འདུག་ཅེས་སུས་སིན་ནས་ང་ལ་བཤད་བྱུང་། རང་ཕན་ཆོད་ལས་ཁས་མི་ལེན་མཁན་བླུན་པོ་ཨུ་ཚུགས་ཅན་མགོ་སེར་དེ་རྣམས་ལ་འཇམ་པོའི་སྒོ་ནས་འགྲེལ་བཤད་འགའ་བྱས་ཀྱང་ཨ་མ་སུས་སིན་ནས་ཁོང་ཚོར་འགའ་བོ་བྱེད་ཀྱི་མི་འདུག་སྟབས་མགོ་སེར་མི་རྒན་གཉིས་དང་འཐབ་རྒྱུར་མཚམས་བཞག་ནས་ནང་དུ་འབྱོར།

Saturday, May 4, 2013

ཀུ་ཤུ་རྟགས་ཅན་གྱི་ལག་འཛིན་ཁ་པར་ཉོས་པའི་ཉིན་མོ།

གསར་དུ་ཉོས་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར།
དེ་རིང་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཆོས་ཚོགས་དྲུང་ཡིག་དང་མཉམ་དུ་ཉིན་རྒྱབ་ཀུ་ཤུ་རྟགས་ཅན་གྱི་ཚོང་ཁང་ཞིག་ནང་དུ་སོང་། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ངོས་ཀྱི་ཁ་ར་འདི་ནི་ཉིས་སྟོང་བརྒྱད་ལོར་བྷོ་སི་ཊོན་ནས་ངོས་ཀྱི་དགེ་ཕྲུག་ཨེ་ཌེའི་ནས་ཉོས་ནས་སྤྲད་བྱུང་། སྐབས་དེ་དུས་ཉིས་ལྟེབས་ཅན་གྱི་ཁ་པར་སྟབས་བདེ་ཡག་པོ་ཞིག་ཡིན་ཀྱང་དེང་སང་ནི་འཕྲུལ་རིག་རྣམས་དབྱར་གྱི་མཚོ་མོ་ལྟར་ཡར་རྒྱས་སུ་འགྲོ་བའི་སྐབས་སུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་འདི་ལ་ཡིད་སྨོན་ཤོར་ནས་ལོ་གཅིག་ལྷག་འགྲོ་སོང་། ཡི་ནའང་ད་ལྟའི་ངོས་ཀྱི་ཁ་པར་རྙིང་པ་འདི་ཕར་ལྟས་ཚོད་ལ་མདོག་ངན་ཀྱང་ངོས་ལ་མཚོན་ན་ཨབ་ཁུང་ཨབ་བྲ་ཐད་ཐད་ཞེས་པའི་དཔེ་ལྟར་མི་ཚོད་རྒྱུ་ཚོད་བཀོལ་སྤྱོད་སྟབས་བདེ་ཞིང་། སྲ་འཁྲེགས་ཆེ་བ་སོགས་ཧ་ཅང་ཡག་པོ་ཡོད་པས་གློ་བུར་དུ་གད་སྙིགས་ནང་དུ་གཡུགས་པ་ལ་འཕངས་ནས་ད་བར་ལུས་སོང་། ཉེ་ཆར་བདུན་གཉིས་གོང་ནས་ངས་གད་སྙིགས་ནང་དུ་གཡུགས་མ་དགོས་པར་ཁ་པར་ངོས་ཀྱི་ཨམ་ཕྲག་ནང་ནས་ཐང་དུ་ཟག་ནས་རྡོ་བཅལ་ཐོག་ཏུ་བརྡབ་པའི་རྐྱེན་གྱིསགས་སྐྱོན་སོང་བས་དེ་རིང་ཀུ་ཤུ་རྟགས་ཅན་ཁ་པར་ཉོ་ལ་ཡོང་བ་ཡིན། ཚོང་ཁང་ནང་དུ་ཞབས་ཞུ་མ་ལོ་ཆུང་ཞིག་འདུག་པས་ངེད་གཉིས་ལ་ཨ་ཕ་རྒྱ་ནས་སླེབསཨ་མ་དབུས་ནས་སླེབས་པ་ནང་བཞིན་འཛུམ་པའི་མདངས་ཀྱིས་སྣེ་ལེན་བྱེད་ཀྱི་འདུག iPhone 4 S ཅན་གྱི་ཀུ་ཤུ་རྟགས་ཅན་མཚོན་མདོག་དམར་སེར་ཅན་ཞིག་གདམས། མ་རྩ་ཁ་པར་རྙིང་པ་དེ་ཡོད་སྟབས་ཨ་སྒོར་ཉིས་བརྒྱ་ལས་དགོས་མི་འདུག ཁ་པར་གྱི་ཕྱི་ཤུབས་ལ་ཨ་སྒོར་ལྔ་བཅུ་་ཐམ་པ་སྤྲད་ནས་ཆོས་ཚོགས་ཀྱི་དྲུང་ཡིག་དེས་ང་ལ་སྤྲད་བྱུང་། ཀོལ་སྤྱོད་བྱེད་སྟངས་རག་རིམ་ཞིག་ཞབས་ཞུ་མ་དེ་བསླབས་བྱུང་། དེང་སང་མི་ཚང་མས་འཛམ་གླིང་མཛུབ་བཀོལ་བྱེད་ནས་འགྲོ་བའི་དུས་རབས་འདིར་བན་རྒན་ངས་ཀྱང་དེ་རིང་མི་ཡི་ལད་མོ་སྤྲེའུ་བྱས་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རྫིག་པོ་ཞིག་ལག་ཏུ་བླངས་བ་ནི་ང་ལ་ལྟོས་ན་མི་ཚེའི་ནང་དུ་གསར་པ་ཞིག་ཀྱང་ཡིན། 
ནང་དུ་འབྱོར་ནས་དགོང་ཟས་ཚར་མ་ཐག་ཉལ་སར་སོང་ནས་གཉིད་དུ་ཡུར།  

Friday, May 3, 2013

ཆོས་ཚོགས་དེབ་སྐྱེལ་ཡིག་ཆའི་ཆེད་དུ་འཚོགས་འདུ་བྱས་པའི་ཉིན་མོ།

ཆོས་ཚོས་ཀྱི་ལས་བྱེད་རྣམས་དང་ལྷན་ཉིན་གུང་ཟ་མའི་སྐབས་སུ།
དེ་རིང་ནི་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་འདི་ཉིད་ཨ་རིའི་གཞུང་ལ་དེབ་བསྐྱེལ་བྱས་ནས་ཟླ་བ་གཅིག་ལྷག་སོང་བས་དེའི་ཆེད་དུ་དེ་རིང་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་། དངུལ་གཉེར་སེའི་ཊེའི་ཧྥིའུ། རྩིས་པ་ཁེའུ་ཡོའུ་བཅས་ཀྱི་མཉམ་དུ་ཉིན་གུང་ཟ་མ་དང་ལྷན་ཀོའུ་རིའུ་ཡའི་ཟ་ཁང་ཞིག་ནང་དུ་འཛོམས་ནས་གྲོས་མོལ་ལྷུག་པོར་བྱུང་། འཆར་གཞི་ལྟར་དུ་བྱས་ན་ཆོས་ཚོགས་དེབ་བསྐྱེལ་གྱི་ཡིག་ཆ་ཟླ་བ་གཉིས་ནང་ཚུད་འབྱོར་བའི་ཚོད་དཔག་བྱེད་ཀྱི་འདུག ཉིན་གུང་ཟ་མ་ཚར་དང་ལྷན་དུ་ང་ཚོ་དགེ་སློབ་ཚང་མ་མཉམ་དུ་རྒྱ་མཚོའི་འགྲམ་དུ་སྤྲོ་འཁྱམས་ལ་སོང་བས་དེ་རིང་གི་གནམ་གཤིས་དེ་སྐྱིད་དྲག་ནས་ཧ་ཅང་སྐྱིད་པོ་བྱུང་། དེ་ནས་ངོས་ཀྱི་སློབ་མ་རྗེན་སེའི་སྐྱེ་སྐར་ལ་ཁེལ་ཡོད་པས་ཨ་མ་སུའི་སིན་དང་ངེད་གཉིས་མ་རའི་ཎ་ཝེར་ནམ་ཟ་ཁང་ཞིག་ནང་དུ་སོང་བས་དད་ལྡན་མ་རྗེན་སེའི་ནས་དེར་སྒུག་འདུག རྗེན་སེའི་ནི་ཨ་མ་སུའི་སིན་གྱི་ཆོས་གྲོགས་ཡག་ཤོས་དང་ངོས་ཀྱི་སློབ་མ་གཉོམ་ཆུང་ཤོས་དང་ཡ་རབ་ཤོས་དེ་ཡིན། ཨ་མ་སུའི་སིན་ངེད་གཉིས་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་མོ་རང་གི་སྐྱེ་སྐར་གྱི་ལག་རྟགས་སུ་མེ་ཏོག་དང་། ཁ་གཏགསཕྲེང་བ་སོགས་སྤྲད་ནས་ངོས་ཀྱི་དགའ་ཤོས་ཝེར་ནམ་ཐུག་པ་ཨང་གྲངས་གསུམ་པ་དེ་མངགས། དགོང་ཟས་ཚར་བ་དང་མཉམ་དུ་འཕྲོད་བསྟེན་གྱི་ཆེད་དུ་མ་རིའི་ཎའི་གླིང་ཁ་ཤིང་ནགས་ཀྱི་གསེབ་ལ་འཁྱམས་ཉུལ་ཆུ་ཚོད་གཅིག་ཙམ་བྱས་ནས་ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།