Saturday, May 25, 2013

ས་གྷ་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་མོ།

སྟོན་པ་བླ་མེད་ཤཱཀྱ་སེངྒེའི་སྣང་བརྙན།
དེ་རིང་ནི་བདག་ཅག་གི་སྟོན་པ་བླ་མེད་ཤཱཀྱའི་རྒྱལ་པོ་ཉིད་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ། སངས་རྒྱས་པ་བཅས་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་འདིར་ཞོགས་པ་སྔ་བོར་ལངས་ནས་གཙང་ཁང་གད་བརྡར་སོགས་བྱས་ནས་རང་འཁོས་དངོས་སུ་འབྱོར་ཚོད་མཆོད་པ་ག་ཤམས་ནས་ཞོགས་ཟས་ཚར་མ་ཐག་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཞིག་རྟེན་གྱི་དྲུང་ནས་བླངས་ཤིང་ནམ་རྒྱུན་འབྲལ་མེད་དུ་འཆངས་བའི་བེའུ་བུམ་དེ་ཁ་ཕྱེས་ནས་རྒྱུ་འདོན་ལ་བྲེལ། དེ་རིང་ནི་སྤྱིར་དུ་བྱས་ན་ས་གྷ་ཟླ་བ་འབུམ་འགྱུར་གྱི་དུས་ཆེན་ཁྱད་པར་ཅན་དང་མ་ཟད་དེ་རིང་གི་ཚེས་པ་བཅོ་ལྔའི་ཉིན་མོ་འདི་དུས་ཆེན་སུམ་འཛོམས་ཡིན། དེ་དང་མ་ཟད་དེ་རིང་ནི་ཟླ་འཛིན་ཀྱང་ཡོད་སྟབས་ཟག་བཅས་ཀྱི་ཁ་འདོན་རྒྱས་པ་རྣམས་ཚར་མ་ཐག་ཟག་མེད་ཀྱི་མཉམ་བཞག་ངང་དུ་མོས་པ་འདྲ་བྱས། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་ཆོས་བྱེད་ཟེར་དུས་ལམ་དང་ལུགས་སྲོལ་འདྲ་ཞིག་གི་ངང་ནས་ལུས་ངག་ལྟར་སྣང་གི་དགེ་བ་ཉིད་གཙོར་འདོན་བྱེད་པ་ལས་སེམས་ཀྱི་གནས་ལུགས་ཀྱི་ངོ་བོ་ལ་བལྟ་ནས་དཔྱད་འཇོག་གི་སྒོམ་བྱེད་མཁན་མི་མང་ཁྲོད་ལ་ཕལ་ཆེར་དཀོན་པོར་སྣང་། ལུས་ངག་ཟག་བཅས་ཀྱི་དགེ་བ་གཅིག་པུའི་སངས་མི་རྒྱས་པ་ནི་སྤྱོད་འཇུག་ལས། 
གང་གི་ཆོས་ཀྱི་དོན་པོ་མཆོག། 
སེམས་ཀྱི་གསང་འདི་མ་ཤེས་ན།། 
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། 
དེ་དག་དོན་མེད་གྱི་ནར་འཁྱམས།། 
ཞེས་གསུངས་པ་བཞིན་སེམས་ཀྱི་གསང་ངམ་སེམས་ཀྱི་གནད་འདི་ལ་བྱ་ར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། ནམ་རྒྱུན་ངོས་ཀྱི་ཁ་འདོན་ནང་དུ་ཡོད་པའི་རྫོགས་པ་ཆེན་པོ་ལྟ་བའི་དྲན་བསྐུལ་འདི་དབྱངས་དང་བཅས་པས་ཚར་གཅིག་འདོན་ནས་རྗེས་སུ་སྒོམ་བྱེད་དུས་སེམས་ལ་ཕན་པོ་ཞིག་ཡོང་གི་ཡོད། 
མ་ཡེངས་མ་ཡེངས་དྲན་པའི་རྒྱངས་སོ་ཚུགས།། 
གཡེངས་བའི་ལམ་ལ་བདུད་ཀྱི་ཇག་པ་ཡོད།། 
ཆགས་སྡང་ཞེན་པའི་སེམས་འདི་བདུད་ཡིན་པས།། 
གཉིས་འཛིན་ཀུན་གྲོལ་སྒྱུ་མའི་ངོ་བོར་བལྟོས།། 
ཀ་དག་མ་བཅོས་རང་སེམས་མངོན་གྱུར་པ།། 
སངས་རྒྱས་གཞན་ན་མེད་དོ་རང་སར་ཞོགས།། 
གཞན་ནས་འཚོལ་རྒྱུ་མེད་དོ་རང་བབས་ཞོགས།། 
མ་སྒོམས་ལྷུན་འགྲུབ་ཡིན་པས་རྒྱལ་ས་ཟུངས།།
ཞེས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་བཞག་བྱེད་ཁུལ་བྱས་པས་སེམས་ལ་བརྗོད་དུ་མེད་པའི་བདེ་བ་དང་ཐུན་བར་དུ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དྲན་བཞིན་མིག་ནས་མཆི་མ་རང་དབང་མེད་པར་ལན་འགའ་ཤོར། 
 དེ་རིང་གི་དགེ་རྩ་བཟང་པོ་དེ་ཉིད་དགེ་རྩ་འཛད་པའི་རྒྱུ་དང་མ་འཕྲད་པའི་གོང་ནས་སྤྱོད་འཇུག་སྨོན་ལམ་ཚར་གཅིག་དང་མཉམ་དུ་བསྔོ་བ་དང་སྨོན་ལམ་གང་ཤེས་བྱས། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།

No comments:

Post a Comment