Sunday, August 31, 2014

སྐྱིད་པའི་ཉི་མ་ཁ་འདོན་ལ་གཏང་བའི་ཉིན་མོ།

པདྨ་ཚུལ་ཁྲིམས་ནས་གནང་བའི་འོད་མཚན། 
དེ་རིང་གཟའ་ཉི་མར་ཡང་སྐྱར་ང་རང་གཅིག་པུ་ཁ་འདོན་བྱས་ནས་ཆོས་ཚོགས་སུ་འདུག་རྒྱུ་བྱུང་བས་ཧ་ཅང་ནས་སྐྱིད་པོ་བྱུང་། ལུང་པ་འདིའི་མི་རྣམས་ནི་ལས་ཀ་ཞིག་མེད་ན་ནང་དུ་ལྷོད་ལྷོད་བྱེད་ནས་འདུག་སྲོལ་གཏན་ནས་མེད། གལ་སྲིད་དུས་ཚོད་ཞིག་ཡོད་ན་རྒྱ་མཚོའི་འགྲམ་མམ་གློག་བརྙན་ལྟད་མོའམ་མཚན་འཚོགས་ཞབས་བྲོ་སོགས་གང་རུང་ཞིག་ལ་དུས་ཚོད་གཏོང་གི་ཡོད། ངས་ནི་ཞོགས་ཟས་ཚར་མ་ཐག་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་ཆུ་ཚོད་ཕྱེད་ཀ་ཙམ་བྱས་ནས་འཆར་ཅན་ལྟར་ངོས་ཀྱི་ཁ་འདོན་རྣམས་བྱས་ནས་ཉིན་གུང་ཆུ་ཚོད་དང་པོའི་བར་ནང་དུ་བསྡད། ཉིན་རྒྱབ་མི་ཞིག་ནས་སྒོ་བརྡུང་བྱུང་བས་ཁམས་འདྲི་དང་སྦྲགས་ཆོས་ཚོགས་ནང་དུ་སོང་ནས་ཇ་འཐུང་བཞིན་ཁ་བརྡ་བྱས་པས་ཁོང་ནི་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པར་ལོ་གཅིག་ཙམ་གྲྭ་པ་བྱས་ནས་བསྡད་མྱོང་འདུག བོད་སྐད་ཀྱང་རེ་ཟུང་ཤེས་ཀྱི་འདུག་ངེད་གཉིས་ཁ་བརྡ་ཡུན་རིང་བྱས་པས་ཁོང་ནི་བོད་པའི་ནང་ཆོས་ལ་སྙིང་ནས་དད་གུས་ཆེན་པོ་བྱེད་མཁན་ཞིག་དང་མ་ཟད་ལོ་གཅིག་གྲྭ་པ་བྱས་པའི་དྲིན་གྱིས་ནང་ཆོས་ལའང་གང་ལ་གང་འཚམས་གོ་བ་འདུག ཁོང་ནས་ཡི་དམ་གྱི་མཚན་སྔགས་འདྲ་མིན་བོད་ཡིག་ལ་འབྲི་ནས་གཙོང་གི་ཡོད་ཟེར། ང་ལ་ཡང་སངས་རྒྱས་འོད་དཔག་མེད་ཀྱི་མཚན་སྔགས་མཚོན་ཁྲའི་ཤོག་བུའི་ངོས་སུ་དབུ་ཅན་གྱི་ལག་བྲིས་བྱས་པ་ཞིག་གནང་བྱུང་བས་ཧ་ཅང་དགའ་བོ་བྱུང་། 

Thursday, August 28, 2014

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

འབྲལ་མེད་དུ་འཆང་བའི་ཁ་འདོན་གྱི་བེའུ་བུམ།
མ་རྒྱུན་ལས་ཀ་བྱེད་མཁན་གྱི་མི་རྣམས་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་གུང་སང་ཡིན་ཀྱང་ང་ནི་དེ་ལས་ལྡོག་སྟེ་དེ་རིང་སང་ཉིན་གཟའ་ཕུར་བུ་དང་། པ་སངས་གཉིས་ནི་བདུན་གཅིག་གི་ནང་ངོས་ཀྱི་གུང་སང་དེ་ཡིན། ངོས་ཀྱི་ཆོས་ཚོགས་ཀྱི་བྱེད་སྒོ་ཁག་ནི་བདུན་ཕྲག་གཅིག་རིང་གཟའ་ཟླ་བ་དགོང་མོ་ཆུ་ཚོད་དྲུག་ནས་བརྒྱད་དང་ཕྱེད་བར་བདེ་ཆེན་ཞིང་སྒྲུབ་དང་། གཟའ་སྤེན་པ་ཆུ་ཚོད་བཞི་ནས་ལྔ་བར་མི་མང་མཉམ་དུ་སྒོམ། གཟའ་ལྷག་པ་དགོང་མོ་ཆུ་ཚོད་བདུན་ནས་བརྒྱད་དང་ཕྱེད་ཀའི་བར་དྭགས་པོའི་ཐར་རྒྱན་ཆོས་བཤད་བཅས་མདོར་ན་བདུན་གཅིག་གི་ནང་དུ་ཆོས་ཀྱི་བྱེད་སྒོ་ཉིན་གསུམ་རིང་ཡོད། དུས་ཚོད་ངེས་མེད་རྣམས་སུ་མི་ལ་ཐུག་འཕྲད་དང་སོ་སོའི་སྒེར་གྱི་ལས་ཀ་ཙག་ཙིག་སོགས་བྱས་དུས་ཧ་ཅང་བྲེལ་ཟིང་ཆེན་པོ་འདྲ་ཆགས་འདུག དེ་རིང་དངོས་གནས་བྱས་ན་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་ཞིག་དང་མཉམ་དུ་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་འགྲོ་རྒྱུ་ཡིན་ཀྱང་། ད་ནངས་ཞོགས་པ་བསམ་བློ་ཞིག་གཏང་དུས་དེ་རིང་ངོས་ཀྱི་གུང་སང་དེ་དོན་མེད་རྒྱ་མཚོའི་འགྲམ་དུ་གཏངས་བ་ལས་དེ་རིང་ནང་དུ་ཁ་འདོན་བྱས་ནས་བསྡད་ན་བསམ་པའི་བཟང་པོའི་བློ་ཞིག་སྐྱེས་བྱུང་། དགེ་ཕྲུག་དེར་ཁ་པར་གཏངས་ནས་དེ་རིང་ང་རྒྱ་མཚོའི་འགྲམ་དུ་མི་འགྲོ་རྒྱུ་སེམས་ཐག་བཅད་ནས་ང་རང་གཅིག་པུ་ཞོགས་པ་ཆུ་ཚོད་དགུ་ནས་ཉིན་གུང་དང་པོའི་བར་ཆོས་ཚོགས་ནང་དུ་ཁ་འདོན་བྱས་ནས་བསྡད་པས་དཔེ་མེད་སྐྱིད་པོ་བྱུང་། ང་ནི་ང་རང་གཅིག་པུ་ཇ་འཐུང་བཞིན་ནང་དུ་ཁུ་སིམ་མེར་ཁ་འདོན་བྱེད་ནས་བསྡད་རྒྱུ་འདི་ལས་སྐྱིད་གཅིག་མེད། 

Tuesday, August 26, 2014

ཆོས་ཚོགས་སྒོ་འབྱེད་བྱས་པའི་ཉིན་མོ།

ས་གནས་སྐུ་མགྲོན་རྣམས་དང་ལྷན། 
དེ་རིང་གི་ཉིན་མོ་འདི་ནི་ཟླ་བ་གསུམ་གོང་ནས་ངོས་ཀྱི་དགེ་ཕྲུག་རྣམས་དང་མཉམ་དུ་སྒོམ་རྒྱག་ས་སྒོམ་ཁང་ཆོས་ཚོགས་ཆུང་ཆུང་ཞིག་སྦྱིན་བདག་བཀའ་དྲིན་ཅན་ནས་ལོ་རིན་དུ་གླས་སོང་། ངོས་ཀྱི་དགེ་ཕྲུག་རྣམས་ཀྱིའདོད་མོས་ལྟར་ཟླ་བ་གཅིག་གོང་ནས་ཁྱབ་བསྒྲགས་དང་གྲ་སྒྲིག་སོགས་བྱས་ནས་དེ་རིང་ཉིན་མོ་འདི་གཟའ་སྐར་འཕྲོད་སྦྱོར་སོགས་དགེ་བ་མ་ཟད་ངོས་ཀྱི་བླ་གཟའ་རུ་ཁེལ་ཡོད་པས་དགོང་མོ་ཆུ་ཚོད་ལྔ་པའི་སྐབས་སུ་ཆོས་ཚོགས་སྒོ་འབྱེད་ཀྱི་མཛད་སྒོ་དབུ་འཛུགས་བྱས། དེ་རིང་གི་སྐུ་མགྲོན་ལ་ས་གནས་འདིའི་བདེ་འཇག་མི་སྣའི་དཔོན་པོ་དང་། ས་གནས་འདིའི་སྲིད་གཞུང་གི་ལས་བྱེད། ས་གནས་འདིའི་མེ་བསོད་རུ་ཁག་གི་འགན་འཛིན་སོགས་གནད་ཡོད་གལ་ཆེའི་མི་སྣ་ཁ་ཤས་དང་མི་མང་སོགས་སྡོམས་པས་མི་གྲངས་བརྒྱ་མ་ཟིན་ཙམ་འབྱོར་འདུག དང་པོ་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཡིག་ཁའི་སན་རྡ་ར་ནས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་འཚམས་ཞུ་དང་སྦྲག་ངོས་ཀྱི་ལོ་རྒྱུས་མདོར་བསྡུས་ཀྱིས་གནས་འདིའི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་གི་གནས་སྟངས་སོགས་ངོ་སྤྲོད་གྲུབ་ནས་ས་གནས་འདིའི་སྲིད་གཞུང་གི་ལས་བྱེད་ནས་གསུང་བཤད་མདོར་བསྡུས་གནང་། ངས་ཀྱང་སྐར་མ་ཁ་ཤས་སུ་སྐུ་མགྲོན་རྣམས་ལ་བཀྲ་ཤིས་བདེ་ལེགས་གྲུབ་ནས་ངོས་ནས་བོད་ལུགས་ལྟར་དུ་བཀྲ་ཤིས་བརྒྱད་པ་ཞིག་བཏོན་ནས་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་པའི་ཚིག་བཅད་འགའ་དང་ལྷན་མེ་ཏོག་འཐོར་བཞིན་ཕྱི་ལུགས་ལྟར་དུ་རས་དམར་བཅོད་བྲེགས་བྱས། མང་ཚོགས་ནས་ཐལ་སྒྲའི་ཀུ་ཅོ་དང་ལྷན་ངོས་ཀྱི་གྲོགས་པོ་མེའུ་ཀོའུ་ནས་མཛུབ་གནོན་སྒྲ་སྙན་ཐོག་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་སོང་བས་མི་མང་ནས་ཧ་ཅང་ནས་དགའ་བའི་རྣམ་འགྱུར་བསྟེན་གྱི་འདུག ཆོས་ཚོགས་ཕྱི་ལོགས་ཉི་རའི་ནང་རས་གུར་ཕུབ་ནས་་སུ་འཐུང་ཆུ་མངར་མོ་དང་སྟབས་བདེའི་ཁ་ཟས་སོགས་གྲ་སྒྲིག་བྱས་ཡོད་སྟབས་ཚང་མས་ལྗོན་ཤིང་གི་བསིལ་གྲིབ་ཏུ་ཁ་བརྡ་བྱེད་བཞིན་ཟ་འཐུང་ལ་རོལ། དེ་ནས་ངས་སྐུ་མགྲོན་རྣམས་ལ་ཐུགས་རྗེའི་ལེགས་འབུལ་གྱི་ཆེད་དུ་མཛོད་རྟག་ཨ་ཤེ་དཀར་པོ་སྤུས་ལེགས་རེ་སྐེ་ལ་གཡོགས་ནས་པར་མཉམ་ལེན་སོགས་བྱས། མི་མང་ནས་དེ་རིང་གི་གནམ་གཤིས་དེ་ཡག་རབ་དང་མཛད་སྒོ་དེ་བཟང་རབས་ཁ་བརྡ་བྱེད་བཞིན་བག་ཕེབས་ལྷིང་འཇག་ངང་ཟ་འཐུང་ལ་རོལ་བཞིན་ལྗོན་ཤིང་བསིལ་གྲིབ་མཚམས་སུ་བསྡད་འདུག ཆུ་ཚོད་དྲུག་དང་ཕྱེད་ཀ་མཚམས་ནས་མི་མང་ཕལ་ཆེར་ལ་གྱེས་བྲལ་གྱི་ལག་འཇུ་དང་དགའ་བའི་འཛུམ་མདངས་སོགས་བསྟན་ནས་ཕེབས་བསྐྱེལ་ཞུས། ངོས་ཀྱི་ཆོས་ཚོགས་སློབ་མ་རྣམས་ནས་ཁོར་ཡུག་གཙང་མ་བྱས་གྲུབ་ནས་དེ་རིང་གི་མཛད་སྒོ་ལ་བསྟོད་བསྔགས་བྱེད་བཞིན་རང་གནས་སུ་བདེ་བར་དེངས། དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Sunday, August 24, 2014

གོང་ས་མཆོག་མེད་ན་སྲིད་སྐྱོང་རང་མགོ་མི་ཐོན་པ་ཡིན་ནམ།


ཕྱི་ལོ་ང་དགུ་ལོ་ནས་བཟུང་ཆོལ་གསུམ་བོད་རིགས་རྩམ་ཟན་ཡོངས་ལ་དོན་མེད་བསད་རྡུང་། མནར་གཅོད། མུག་ཤི་བཙོན་འཇུག་སོགས་གང་ལྟར་དམྱལ་བ་མི་ཡུལ་དུ་མངོན་སུམ་དུ་འཕོས་པ་ནང་བཞིན་སྡུག་བསྔལ་མྱོང་ཡོད། ཡིན་ནའང་བོད་གངས་ཅན་ལྗོངས་འདི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་ཅེས་བོད་ཀྱི་ལོ་རྒྱུས་དང་རྒན་གཞོན་མཐོ་དམན་མེད་པའི་ངག་སྒྲོས་ལས་གསལ་བ་ལྟར། ད་རེས་དུས་ངན་གྱི་ཁུག་སོ་འདིར་གདུལ་བྱ་དུས་བབས་ཀྱི་ཚུལ་དུ། སྤྱན་རས་གཟིགས་མི་ཡི་རྣམ་རོལ་དུ་དངོས་སུ་ཕེབས་ནས་དཔེར་ན་ལྷུང་ལ་ཉེ་བའི་གཡང་ཁའི་ལག་ལྡུམ་གྱི་མི་ལྟར་གྱུར་པའི་ཆེས་ཛ་དྲག་ཅན་གྱི་དུས་ངན་འདིར་དགུངས་གྲངས་བཅུ་གྲངས་ནས་ད་བར་བོད་མི་གཞི་བྱེས་གཉིས་ཀྱི་དོན་དུ་སྐུ་ལས་གང་འདྲ་སྐྱོན་ཡོད་པ་ནི་འདིར་ངོས་ནས་ཡང་སྐྱར་སྨོས་མ་དགོས་པ་བློ་གཟུ་བོར་གནས་མཁན་བོད་པ་ཞིག་ཡིན་ནས་བཟུང་སྟེ་ཚང་མས་མཁྱེན་གསལ་ལྟར་རེད། ཉེ་བའི་ལོ་ཤས་གོང་༧ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ནས་འཛམ་གླིང་སྤྱི་འགྲོས་དང་མཐུན་པར་བོད་རིགས་རྣམས་ལའང་དམངས་གཙོའི་གསོལ་རས་མ་ཞུས་རང་བཙལ་དུ་གནང་བ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཆེས་རྨད་དུ་བྱུང་བའི་མཛད་བཟང་ཞིག་ཏུ་འཁུམས། ཉིན་མོ་དེ་ནས་བཟུང་སྟེ་ཁོང་ནས་འདི་ལྟར་གསུངས་མྱོང་ཡོད། དེ་རིང་ནས་བཟུང་སྟེང་ནི་རྒན་ཡོལ་ཆ་ཚང་བྱས་ཟིན་པའི་བོད་རིགས་དཀྱུས་མ་ཞིག་ཡིན། ཅེས་རྟག་པར་གསུང་གི་ཡོད་པ་མ་ཟད་ད་ནས་བཟུང་སྟེ་དགོས་མཁོའི་སྐབས་སུ་ངོས་ཀྱི་མིང་གཡར་བ་ཙམ་ལས་ངས་བོད་ཀྱི་སྲིད་དོན་མཚམས་བཞག་པ་ཡིན་ཅེས་ཀྱང་ལན་གྲངས་གཅིག་ཙམ་མ་ཡིན་པར་ཡང་ནས་གསུངས་མྱོང་ཡོད། རྒྱ་ནག་གཞུང་ནས་དེ་ལས་ལྡོག་སྟེ་ཏཱ་ལའི་བླ་མས་བོད་ཀྱི་སྲིད་དོན་ནས་རྒན་ཡོལ་ཞུས་ཟེར་བ་འདི་སྲིད་དོན་ཆེ་ཤོས་ཞིག་རེད་ཅེས་ཡང་ནས་བཤད་ཀྱི་ཡོད། ངས་འདིར་བསམ་ཚུལ་བཤད་འདོད་པ་ནི་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོ་རང་སྐུ་སྒེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་གྱི་ཆེད་དུ་རྒྱལ་ཁབ་གང་དུ་ཕེབས་ཀྱང་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་གཞན་སྤྱི་འཐུས་སོགས་ནས་རྗེས་འདེད་མ་བྱེད་ཅེས་འབོད་སྐུལ་ཞུ་རྒྱུ་དེ་ཡིན། གང་ཡིན་ཞེ་ན། རྒྱུ་མཚན་རྣམ་པ་གཉིས་ཡོད། 
རྒྱུ་མཚན་དང་པོ་ནི་༧ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ནས་ལོ་གྲངས་མང་པོའི་གོང་ནས་འདི་ལྟར་གསུངས་མྱོང་ཡོད།
 ང་ཚོའི་བོད་ཀྱི་འཐབ་རྩོད་འདི་ང་མི་གཅིག་ལ་མགོ་བསྔས་བསྡད་པ་ཙམ་མ་ཡིན་པར་ང་མེད་པ་ནང་བཞིན་ད་ལྟ་ནས་བསམ་བློའི་བང་བསྒྲིགས་ཞིང་ད་ལྟའི་མི་ཐོག་བོད་རིགས་གཞོན་སྐྱེས་རྣམས་ནས་འགན་ཁུར་ཐུབ་དགོས།
 ཞེས་བཀའ་གནང་མྱོང་ཡོད་པས་ཆེས་རིན་བྲལ་གྱི་བཀའ་སློབ་ཟབ་མོ་འདི་ཉིད་ད་ལྟ་ནས་སེམས་ལ་བཞག་ཅིང་ཤར་བསྐྱོད་ལག་ལེན་ལ་གཏུགས་མ་ཐུབ་ན་ནམ་ཞིག་དགུངས་གྲངས་བརྒྱད་བཅུ་ལ་སླེབས་པའི་མི་ཞིག་ལ་ཚེ་ཡི་ལྷག་མ་ག་ཚད་ཡོད་མེད་ནི་མཐོང་ཆོས་མངོན་གསལ་རེད། 
རྒྱུ་མཚན་གཉིས་པ་ནི། ད་ལྟའི་སྲིད་སྐྱོང་འདིའི་སྲིད་སྐྱོང་འགན་ཁུར་སྐབས་སུ་དམ་བཅའ་གསུམ་ཞེས་སྐད་གསང་མཐོན་པོའི་བསྒྲོགས་པའི་ནང་གསེས། རང་མགོ་རང་ཐོན། ཅེས་རང་ཉིད་ལ་གནས་སྐབས་རིང་སྲིད་སྐྱོང་གི་མིང་སྙན་པོ་ཞིག་འཐོབ་པའི་ཆེད་དུ་ཙམ་མ་ཡིན་པར་དོན་ངོ་མར་བོད་མི་ས་ཡ་དྲུག་པོའི་ཕུག་གི་བདེ་སྡུག་གི་ཆེད་དུ་གསུངས་པ་ཞིག་ལོས་ཡིན་བསམ། རང་མགོ་རང་ཐོན་ཆེས་པའི་ཚིག་འདྲ་ཆགས་པོ་ཙམ་མ་ཡིན་པར་དང་པོ་རང་ཉིད་གང་དུ་སོང་ཡང་ད་དུང་༧གོང་ས་མཆོག་ལ་གཞན་བསྟེན་རིང་ལུགས་ཀྱི་རྗེས་འདེད་དེ་བཞག་ནས་སྲིད་སྐྱོང་རང་ཉིད་རང་མགོ་རང་ཐོན་ཞིག་བྱུང་ན་གཞི་ནས་བཙན་བྱོལ་བོད་མིའི་བསྒྲིགས་འཛུགས་སོགས་གཞི་བྱེས་བོད་མི་ས་ཡ་དྲུག་པོར་རང་མགོ་རང་ཐོན་གྱི་ལམ་ཞིག་སྟོན་ཐུབ་ན་སྙམ། ལར་ནི་ངོས་ལ་མཚོན་ན་སྲིད་སྐྱོང་ལ་སྒེར་གྱི་འཁོན་འགྲས་ཁོག་བཅངས་ཀྱིས་སྙིང་ནད་གང་ཡང་མེད་པ་མ་ཟད་ཁོང་གི་ཕྱག་ལས་བྱེ་བྲག་པ་འགའ་ཤས་ལ་མཐའ་གཅིག་ཏུ་ཡི་རངས་ཡོད། 






Thursday, August 21, 2014

ཁ་སང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ།

ཁ་སང་ནི་འཆར་ཅན་ལྟར་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན་པས་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འཛོམས་ནས་ཆོས་ཚོགས་ཆུང་ཆུང་དེ་རྦད་དེ་ཁེངས་སོང་། དེ་རིང་སྐད་བསྒྱུར་བྱམས་པ་ལགས་ཀྱང་ཕེབས་འདུག དང་པོ་ཆོས་ཐུན་མཚམས་སྦྱོར་གྱི་ཚུལ་དུ་ངོས་ཀྱི་དབྱིན་ཇི་ཆགས་རོ་དེའི་ཐོག་ནས་གང་ཤེས་འགྲེལ་བཤད་བྱས་ནས་དངོས་གཞིའི་ཆོས་ཐུན་སྐབས་སུ་སྐད་བསྒྱུར་བརྒྱུད་ནས་ནང་ཆོས་གལ་ཆེན་ཡིན་ཚུལ་དང་། ཆོས་ཟེར་དུས་ཉོན་མོངས་ཀྱི་གཉེན་པོར་འགྲོ་དགོས་ཚུལ། སྒོམ་དངོས་གཞིའི་སྐབས་སུ་འཇོག་སྒོམ་ཉིད་གལ་ཆེན་ཡིན་ཚུལ་སོགས་བཤད་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་གི་བདེ་ཆེན་ཞིང་སྒྲུབ་ནི་དབྱིན་ཇིའི་སྐད་ཐོག་ཏུ་བོད་ཀྱི་གདངས་ནང་བཞིན་བཏོན། མདུན་བསྐྱེད་འོད་ཞུའི་སྐབས་སུ་རྫོགས་རིམ་ལ་མཉམ་བཞག་སྒོམ་ཆུ་ཚོད་ཕྱེད་ཀ་ཙམ་བྱེད་བཅུག་ནས་མཐར་བསྔོ་བ་སྨོན་ལམ་སོགས་ཀྱིས་གྲོལ། དེ་རིང་ཆོས་གྲལ་དུ་སྔར་ཡོང་མྱོང་མེད་པའི་གསར་བུ་འགའ་ཤས་འདུག་ཁོང་ཚོའི་རྣམ་འགྱུར་ལ་བལྟས་ན་ཧ་ཅང་དགའ་བོ་བྱུང་ཡོད་ཚོད་འདུག 

Monday, August 18, 2014

ཁ་པར་ཆུ་ནང་དུ་ཟགས་པའི་ཉིན་མོ།


དེ་རིང་ཞོགས་པ་ངོས་ཀྱི་ཆོས་ཚོགས་སུ་ནམ་རྒྱུན་ལྟར་སྒོམ་དང་ཁ་འདོན་སོགས་བྱས་ནས་ཉིན་གུང་ཆུ་ཚོད་གཅིག་བར་ང་རང་གཅིག་པུ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ཆུ་ཚོད་དང་པོའི་སྐབས་སུ་ཨ་མ་སུས་སིན་སླེབས་སོང་ཁ་སང་ནས་དུས་ཆད་བྱས་པ་ལྟར་གྲོགས་པོ་རྗེའུ་ཧྥུ་དང་མཉམ་དུ་ཆོས་ཚོགས་འགྲམ་དུ་ཡོད་པའི་ཐེའུ་ལན་ཌི་ཟ་ཁང་ཞིག་ནང་ཉིན་གུང་ཟ་མ་ལ་སོང་། ཟ་མ་ཚར་མ་ཐག་དེ་རིང་གནམ་གཤིས་ཧ་ཅང་ཡག་པས་གྲོགས་པོ་རྗེའུ་ཧྥུའི་འདོད་པ་ལྟར་མཚོ་འགྲམ་དུ་སྤྲོ་འཁྱམས་ལ་སོང་ནས་རྗེའུ་ཧྥུ་དང་མཉམ་དུ་མཚོ་འགྲམ་ནས་དབྱིན་ཇིའི་མིང་དུ་ fvisbee འགྱིག་སྐོར་འཕེན་རེས་བྱས་ནས་ཡར་མཆོང་མར་ལྡིང་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་ངོས་ཀྱི་ལག་འཛིན་ཁ་པར་ཀུ་ཤུ་རྟགས་ཅན་དེ་གློ་ཁུག་ནས་ཆུ་ནང་དུ་ཟག་སོང་འདུག ཕལ་ཆེར་ཁ་པར་ཟག་ནས་སྐར་མ་བཅོ་ལྔ་ཙམ་ནས་ངོས་ཀྱི་ཁ་པར་གློ་ཁུག་ནང་དུ་མེད་པ་གཞི་ནས་ཤེས་སོང་། རྗེའུ་ཧྥུ་ངེད་གཉིས་མཚོ་འགྲམ་གྱི་རྐང་རྗེས་འདེད་བཞིན་ཁ་པར་བཙལ་བས་རྗེའུ་ཧྥུ་ནས་ངོས་ཀྱི་ཁ་པར་དེ་མཚོ་ནང་ནས་བླངས་སོང་། ངེད་གཉིས་མགྱོགས་པོ་སྔ་ལོར་ཁ་པར་ཉོ་སའི་ཚོང་ཁང་ནང་དུ་ཁ་ཧར་སྒྲ་ཙིག་གེ་ལུས་དངུལ་ནག་ཕལ་ལེ་འབྱོར་མ་ཐག་མགྲོན་པོར་སྣེ་ལེན་བུ་མོ་དེར་ཁ་པར་ཆུ་ནང་ཟག་སོང་བས་ད་ལྟ་རང་སྐྱོབས་རོགས་ཞུས་པས་ཁྱད་མཚར་ཞིག་ལ་ཁ་པར་ཁྱད་ལས་པ་རྣམས་ཀྱིས་ཐབས་ཤེས་གང་ཡང་ཡོད་མ་རེད་ཟེར་འབྲས་ནང་དུ་ཉིན་ཤས་བཞག་ན་གཅིག་བྱས་ན་སྒོ་ཕྱེ་ཐུབ་ཀྱི་རེད་ཟེར། ངེད་གཉིས་ལམ་སང་ཟུར་དུ་ཡོད་པའི་ཚོང་ཁང་ཞིག་ནང་དུ་སོང་ནས་འབྲས་ཉོས་ནས་དེའི་ནང་དུ་ཁ་པར་དེ་བཞག 
ང་ནི་སྔ་ལོར་མ་ལེ་ཞ་རུ་སོང་བའི་སྐབས་སུ་ཁ་པར་ཞིག་བོར་རླག་བྱུང་ད་རེས་ཡང་སྐྱར་ཁ་པར་དེ་བེད་མེད་དུ་ཆག་ཁ་པར་དེ་རྣམས་ཧ་ཅང་གོང་ཆེན་ཤ་སྟགས་རེད། དོན་མེད་དངུལ་ཕྲོག་རླག་བསམ་ནས་འཕངས་སེམས་འདྲ་ཞིག་སྐྱེས་པའི་རྣལ་འགྱུར་བསྟན་པས་རྗེའུ་ཧྥུ་ནས་འདི་ལྟར་ཟེར།
རིན་པོ་ཆེ་ཁྱེད་རང་རྟག་པར་མི་རྟག་པའི་སྐོར་གསུང་རྐྱང་རེད། ཁྱེད་རང་ཁ་པར་དེ་ཡང་དེ་དང་གཅིག་པ་རེད། ལར་ནས་སངས་རྒྱས་འོད་དཔག་མེད་ཀྱིས་ཁ་པར་གཏང་རྒྱུ་ཉུང་དུ་ཐོངས་ཞེས་པའི་བརྡ་རེད་ཟེར་བས་ངེད་གཉིས་ཀ་གད་མོ་ཤོར་སོང་། 



Sunday, August 10, 2014

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།

དེ་རིང་ནས་བཟུང་སྟེ་ཉིན་གསུམ་རིང་པདྨ་འོད་གསལ་གླིང་ལ་འགྲོ་དགོས་ཡོད། འགྲོ་དོན་ནི། ངོས་ཀྱི་ཆེས་དགའ་ཤོས་ཆོས་གྲོགས་སྔགས་པ་བླ་མ་མཐར་ཕྱིན་རིན་པོ་ཆེ་སྔ་ལོར་དུས་ཚེས་འདིར་གློ་བུར་དུ་ཞིང་དུ་ཕེབས་སོང་བས་ད་རེས་པདྨ་འོད་གསལ་གླིང་འདུས་སྡེ་རྣམས་ཀྱི་རེ་བ་ལྟར་གལ་ཆེན་དུ་རྩིས་ཞིང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱང་མེད་པར་བྱས་ནས་ངོས་ཀྱི་དགེ་ཕྲུག་མི་གྲངས་བདུན་བརྒྱད་ཞིག་དང་མཉམ་དུ་སོང་། བླ་མ་མཐར་ཕྱིན་རིན་པོ་ཆེ་ནི་འཁྲུངས་ཡུལ་བོད་འགུ་ལོག་ནས་ཡིན་ཅིང་སྐུ་ན་ཕྲ་བའི་སྐབས་བོད་མི་སྤྱི་ལྟར་བཙན་བྱོལ་ལ་སྐྱབས་བཅོལ་དུ་ཕེབས་ནས་ཨོ་རིའི་སེའི་གཞིས་ཆགས་སུ་བཞུགས། བདུད་འཇོམས་ཡབ་སྲས་རྣམས་བླ་མ་རུ་བསྟེན་ནས་བདུད་འཇོམས་ཁྲག་འཐུང་གླིང་པའི་གཏེར་མར་ཉམས་གཞེས་གནང་ཞིང་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་ཐུགས་ཀྱི་སྲས་གཅིག་པུར་གྱུར། ཁོང་ནི་འཇིག་རྟེན་མི་ཆོས་ནས་མི་གཤིས་བཟང་ཞིང་གཉོམ་ཆུང་ལ་ཐུགས་རབ་སྒམ་པ། ལྷ་ཆོས་ནས་མདོ་སྔགས་སྤྱི་དང་ལྷག་པར་བདུད་འཇོམས་གླིང་པའི་གཏེར་ཆོས་རྣམས་ལ་གཞན་དྲིང་མི་འཇོག་པའི་རང་བྱན་ཚུད་ཅིང་ཐོས་པས་རང་རྒྱུད་གྲོལ་ཅིང་བསྒོམས་པས་གནས་ལུགས་ཀྱི་དོན་རྟོགས་པའི་དེང་དུས་ཀྱི་སྔགས་པ་ཞེས་མིང་ཁུར་ནས་མགོ་ལ་ཐོར་ཅོག་བཅིངས་ཞིང་རྒྱབ་རུ་གཟན་དཀར་གྱོན་མཁན་རྣམས་ཀྱི་ཁྲོད་ནས་རྒྱལ་མཚན་གྱི་ཏོག་ལྟ་བུ་ཞིག་ཏུ་མངོན། 
ཞོགས་པ་པདྨ་འོད་གསལ་གླིང་ལ་འབྱོར་བ་དང་མཉམ་དུ་སྔགས་བན་སྐྱ་སེར་མི་གྲངས་ཕལ་ཆེར་བདུན་བཅུའི་ཡས་མས་ཞིག་ནས་འཚོགས་ཁང་འགྲམ་ནས་ངོས་ལ་ཕེབས་སྒུག་བྱས་འདུག 
སྤྲུལ་འཇིགས་མེད་རིན་པོ་ཆེས་གཙོར་བྱས་ཁྲི་ཐོབ་ཀྱི་མཁན་སྤྲུལ་བདུན་ཙམ་ཞིག་འདུག 
སྨིན་གླིང་རྡོར་སེམས་བླ་མ་མཆོད་པའི་ཆོ་ག་ཉིད་རྟ་འདུར་གྱིས་མཉམ་འདོན་བྱས། མཆོད་ཕྲེང་སྐབས་སུ་གར་པད་རྣམས་དང་རྡོ་རྗེ་སློབ་དཔོན་གྱི་ཕྱག་ལེན་སོགས་ངོས་ཀྱི་ཕ་དགོན་དང་ཅུང་མི་འདྲ་ཡང་ཁྲི་ཟུར་ནས་བླ་མ་བསོད་ནམས་ལ་བཀའ་འདྲི་བྱེད་ཅིང་གཉོམ་ཆུང་དམན་ས་བཟུང་ནས་གང་ཡང་ཤེས་ཀྱི་མེད་མདོག་བྱས་ཁ་བཙུམས་ནས་བསྡད། འོན་ཀྱང་འདས་པོ་ཞིང་གཤེགས་བླ་མ་མཐར་ཕྱིན་པོ་ཆེ་ནས་ངོས་ལ་ར་གན་གསེར་རློན་གྱིས་ག་དུས་ཡིན་ཀྱང་ཁོང་གི་སློབ་མ་རྣམས་ཀྱི་མདུན་ངོས་ལ་བསྟོད་ར་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་པདྨ་འོད་གསལ་གླིང་འདུས་སྡེ་རྣམས་ཀྱིས་གུས་པར་དགའ་མོས་བྱེད་མཁན་ཧ་ཅང་མང་། 
ཉིན་གསུམ་རིང་ཞོགས་པ་ཆུ་ཚོད་དགུ་ནས་དགོང་མོ་ཆུ་ཚོད་དྲུག་བར་རྡོར་སེམས་བླ་མ་མཆོད་པ་ཆ་ཚང་ཚོགས་དང་བཤགས་པ། བདག་འཇུག་སོགས་མཉམ་འདོན་བྱས་པས་གཞན་དོན་སྐབས་སུ་རང་དོན་ཞོར་དུ་འབྱུང་བའི་དཔེ་ལྟར་རང་ཉིད་ཀྱང་དགེ་བའི་ལམ་དུ་འཇུག་རྒྱུའི་ཆེས་གོ་སྐབས་བཟང་པོ་ཧ་ཅང་སྐྱིད་པོ་བྱུང་། 
ཉིན་ཐ་མའི་སྐབས་སུ་བཀྲ་ཤིས་སྨོན་ལམ་གྱིས་མཐའ་རྒྱན་པར་བྱས་ནས་འདུས་མང་ནས་ལག་ཏུ་ཁ་གཏགས་དང་ཕྱག་རྒྱས་གྱེས་བྲལ་བྱས་ཤིང་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཨ་མ་ཀུན་བཟང་དབང་མོ་ངེད་གཉིས་སྐར་མདའ་ཆད་པ་ནང་བཞིན་ལམ་བར་དུ་འཚོགས་པ་དེ་ཡག་རབས་དང་སློབ་མ་རྣམས་བཟང་རབས་ཁ་བརྡ་བྱེད་བཞིན་དགོང་མོ་ཆུ་ཚོད་དགུ་ཙམ་གྱི་ཐོག་རང་ཁྱིམ་དུ་བདེ་འབྱོར་བྱུང་།