Friday, October 31, 2014

ཀརྨ་ཆོས་སྒྲོན་ཆང་ས་རྒྱབ་པའི་ཉིན་མོ།

གཟའ་མི་གཉིས་ནས་ཆང་སའི་དམ་བཅའ་འཇོག་བཞིན་པ། 
ཁ་སང་ནས་བཟུང་སྟེ་ཉིན་གཉིས་རིང་ཨ་རིའི་མངའ་སྡེ་ཀོ་ནེའི་ཏྲི་ཀེ་ཏྲེ་connecticut ལ་སོང་། ངོས་ཀྱི་དགེ་ཕྲུག་ཕ་ཡུལ་ཀོ་ལིམ་བྷེ་ནས་ཡིན་པའི་ཨེ་སེ་མེ་ར་རྡ་ཆོས་མིང་དུ་ཀརྨ་ཆོས་སྒྲོན་ཆང་སའི་ཉིན་མོ་ཡིན་སྟབས་ཆང་སའི་མཛད་སྒོ་དེར་སོང་། མོ་རང་གི་ཆོ་ག་ནི་ཕ་ཡུལ་ཡོ་རོབ་སི་པིན་ནས་ཡིན་པའི་མི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཅན་ཞིག་འདུག ཀརྨ་ཆོས་སྒྲོན་ནི་ནང་ཆོས་ལ་དད་པ་ཡོད་པའི་ནང་པ་དཀྱུས་མ་དང་མ་ཟད་ངོས་ལ་ར་གན་གསེར་རློམ་གྱི་དད་ལྡན་མ་བུད་མེད་བཟང་སྤྱོད་ཅན་ཞིག་རེད་མོ་རང་ལ་བུ་མོ་གཉིས་དང་བུ་གཅིག་བཅས་ཡོད་ཀྱང་ད་ལྟ་མོ་རང་མཉམ་དུ་ནི་གཅིག་ཀྱང་མེད། མོ་རང་གི་འདོད་པ་ལྟར་དེ་རིང་གི་ཆང་སའི་ཉིན་མོ་འདིར་ང་མེད་ན་ཐབས་མེད་ཡིན་ཅེས་ཨུ་ཚུགས་ཀྱི་རེ་བ་ལྟར་ང་ཡང་ལོ་རེ་བཞིན་ཉིའུ་ཡོག་ལ་ངོས་ཀྱི་ཚ་བོ་དང་དགེ་ཕྲུག་རྣམས་ལ་ཆེད་དུ་ཐུག་འདོད་ཀྱི་ཞོར་དུ་ཁ་སང་མོ་རང་གི་འདོད་པ་ལྟར་ཆང་སར་སོང་། ཆང་ས་ཉིའུ་ཡོག་ནས་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་ཀོ་ནེའི་ཏྲི་ཀེ་ཏྲེ་ལ་ཁོ་རང་གཉིས་ཀྱི་ཁང་པ་གཉིས་པ་ཞིག་ཡོད་པ་དེར་མཉམ་དུ་སོང་། སྤྱི་ཟླ་བཅུ་པའི་ཚེས་པ་ཉེར་དགུ་འདི་ནི་བོད་ལུགས་ཀྱི་ནག་རྩིས་ལྟར་ཁོ་རང་གཉིས་ཀྱི་ཆང་སའི་དུས་ཚིག་ལ་གཏན་འབེབས་བྱུང་བ་ཞིག་ཡིན་འདུག་དུས་ཆེན་འདི་ཧ་ཅང་གལ་ཆེན་དུ་རྩིས་ནས་ཞོགས་པ་ངས་ཀྱང་བཀྲ་ཤིས་བརྒྱད་པ་དང་། གཞན་བཀྲ་ཤིས་བརྩེགས་མདོ། ཉེས་པ་ཀུན་སེལ་སོགས་བོད་བརྒྱུད་གསང་སྔགས་ཀྱི་ལུགས་སྲོལ་ལྟར་སྡེ་བརྒྱད་གསེར་སྐྱེམས་སོགས་ཞབས་རིམ་གང་དྲག་བྱས། ཉེ་སར་ཡོད་པའི་ཡེ་ཤུའི་བག་སྟོན་མཁན་པོ་ཞིག་ཁོ་རང་ཚོའི་ལུགས་སྲོལ་ལྟར་གདན་ཞུས་ཀྱིས་ཁོ་རང་གཟའ་མི་གཉིས་ནས་དེ་རིང་ནས་བཟུང་སྟེ་མ་ཤིའི་བར་དུ་བརྩེ་སེམས་མི་འགྱུར་བ་རྡོ་རྗེ་ཕ་ལམ་ལྟ་བུའི་ངང་ནས་ཆང་ས་ཤི་མཐའ་འཁྱོལ་བ་བྱེད་པའི་དམ་བཅའ་བཞག་སོང་། དེ་ནས་རྗེས་ཟློས་དང་མཉམ་དུ་ཕོ་ཡིས་མཛུབ་དཀྲིས་མོ་ལ་བཀོན་ཅིང་མོ་ཡིས་མཛུབ་དཀྲིས་ཕོ་ལ་བཀོན་པ་སོགས་ཀྱིས་མཐར་གཉིས་ཀས་འོ་བྱེད་པ་སོགས་དེ་སྔོན་མཐོང་གཏན་ནས་མ་མྱོང་བའི་ལྟད་མོ་ཞིག་དེ་རིང་མཐོང་སོང་། 
ཆང་སའི་དུས་སྟོན་འདིར་ཀརྨ་ཆོས་སྒྲོན་བུ་དང་བུ་མོ་སོགས་འབྲེལ་ཡོད་ཀྱི་ནང་མི་རྣམས་ལས་གཞན་ཕྱི་ལོགས་ནས་ང་ལས་མ་གཏོགས་གཅིག་ཀྱང་མགྲོན་འབོད་བྱས་མི་འདུག ཆང་སའི་རྟེན་འབྲེལ་ཚར་མ་ཐག་ང་ཚོ་ཚང་མ་ཉེ་སར་ཡོད་པའི་ཟས་རིགས་སྣ་མང་ལས་གྲུབ་པའི་ཟ་ཁང་ཞིག་ནང་དུ་སོང་ནས་ཟ་མ་འགྲང་ཚད་ཟོས། ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་རྒྱལ་ས་ཉིའུ་ཡོག་ལ་འབྱོར་ང་ནི་མ་ཐུག་ཡུན་རིང་ཚ་བོ་དང་མཉམ་དུ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, October 25, 2014

བད་ེཆེན་ཞིང་སྒྲུབ་ཉིན་ཐ་མའི་ཉིན་མོ།

པོར་ལེན་ལ་ཞིང་སྒྲུབ་འཚོགས་བཞིན་པའི་ཟུར་པར་ཞིག
དེ་རིང་ནི་པོར་ལེན་ལ་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ་དེ་ཡིན། སྤྱིར་གཏང་པོར་ལེན་ནུབ་བྱང་བོད་རིགས་ཚོགས་པར་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་ལོ་བདུན་པ་དེ་ཡིན། ད་ནངས་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་བོད་ཁང་དུ་སོང་བས་བདེ་ཆེན་ཞིང་སྒྲུབ་ཆོས་ཞུ་བ་ཚང་མ་འཛོམས་ཚར་འདུག དེ་རིང་ནི་ཞིང་སྒྲུབ་ཉིན་ཐ་མ་དེ་ཡིན་སྟབས་གསོ་སྦྱོང་མེད་ཞོགས་ཟས་ཚར་བ་མཉམ་དུ་ཆོ་ག་གཞུང་རྐྱང་མཐར་ཆགས་སུ་ཚར་གཅིག་གཏོན་ནས་བསྙེན་མཚམས་སྐབས་སུ་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་ཆེད་ཚེ་གཟུངས་དང་ཚིག་བདུན་གསོལ་འདེབས་སོགས་བོད་རིགས་ཡོངས་ནས་འདོན་དགོས་པའི་བརྡ་ཁྱབ་ལྟར་དེ་རིང་མི་མང་འདུ་འཛོམས་ཀྱི་གོ་སྐབས་བཟང་པོ་དང་བསྟུན་ཚེ་གཟུངས་དང་སོགས་ཞབས་བརྟན་འགའ་མཉམ་འདོན་བྱས། ཉིན་རྒྱབ་མི་མང་དྲུག་བཅུ་མ་ཟིན་ཙམ་དང་ལྷན་བདེ་ཆེན་ཞིང་སྒྲུབས་ཚོགས་འཁོར་མར་མེ་སྨོན་ལམ་བཅས་ཀྱིས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཉིད་བཀྲ་ཤིས་བདེ་ལེགས་ངང་ལེགས་པར་གྲུབ། མི་མང་ནས་ངོས་ལ་ཁ་བཏགས་དང་ཆོས་ཡོན་སོགས་མཇལ་ཁར་འཚང་ཁ་ཤིག་ཤིག་བྱུང་། ས་ཆ་གང་དུ་སོང་ཡང་བོད་པ་རྣམས་ནས་ངོས་ཀྱི་ཆོས་དང་གང་ཟག་གཉིས་ལ་ལོ་རེ་བཞིན་དད་མོས་ཇེ་ཆེ་དང་མི་འབོར་ཇེ་མང་རེད་འདུག
ནམ་རྒྱུན་ངས་ཆོས་བཤད་པའི་སྐབས་སུ་མི་མང་ཉུང་དང་སློབ་མ་ལ་ཕན་ཐོག་མིན་ལ་མ་ལྟོས་པར་གང་བཤད་རྒྱུའི་ཆོས་ཉིད་ལ་རང་ནས་བསམ་བློ་གཏོང་བཞིན་བཤད་པའི་སྐབས་སུ་ཏན་ཏན་ང་རང་ཉིད་ལ་ཕན་ཐོག་ཧ་ཅང་ཆེན་པོ་འདུག དེ་ནི་མི་སྒོ་ནས་རང་སངས་རྒྱས་ཞེས་པ་དེ་རེད། 
སང་ཉིན་ཞོགས་པ་སྔ་བོ་ཆུ་ཚོད་ལྔ་པའི་སྐབས་སུ་པོར་ལེན་གནམ་ཐང་བརྒྱུད་ནས་ཉིའུ་ཡོག་ལ་འགྲོ་དགོས། 

Tuesday, October 21, 2014

མཁན་པོ་ཀར་ཚེ་ལ་ལོ་གཉིས་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་པ།

མཁན་པོ་ཀར་ཚེའི་པར་བོད་ཕྲིན་ནས་བླངས། 
ངོས་ནས་ཉེ་ཆར་ནང་ཆེན་ལ་ཁ་པར་གཏངས་བས་བློ་ཡུལ་ལས་འདས་པའི་གཏམ་བཟང་ཞིག་ལ་མཁན་པོ་ཀར་ཚེ་ལ་ཁྲིམས་ཐག་ལོ་གཉིས་དང་ཕྱེད་བཅད་ནས་ད་རེས་སྐུ་གཟུགས་གནས་སྟངས་མི་སྐྱོན་ཙམ་གྱིས་ཆབ་མདོའི་བཙོན་ཁང་ནང་དུ་ཡོད་སྐད་འདུག དེ་ནི་ངོས་ལ་ལྟོས་ན་ཧ་ཅང་གཏམ་བཟང་ཞིག་ཡིན། གང་ཡིན་ཟེར་ན་མཁན་པོ་ཀར་ཚེ་ཁོང་བཙོན་ཁང་དུ་བཅུགས་ནས་བཟུང་ངོས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་། ངོས་ཀྱི་དགོན་པར་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཞི་བར་གཤེགས་ནས་སྡེ་དགོན་གཉིས་ལ་རེ་བའི་མིག་འབུར་གཏོད་ས་གཅིག་ཡོད་པ་དེ་ནི་མཁན་པོ་ཁོང་ཡིན། ཁོང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ལོ་མང་རིང་ཐོས་བསམ་བྱས་པའི་མཁན་པོ་ཞིག་ཡིན་པ་མ་ཟད་དེང་དུས་མི་མང་གཉོམ་ཆུང་ཁྲོད་ན་བདེ་སྡུག་གི་གནས་སྟངས་ཐོག་ལ་བསམ་གཞིག་བྱེད་མཁན་ན་གཞོན་བསམ་བློའི་ཁ་ལོ་བ་ཞིག་ཀྱང་ཡིན། 
ཁ་སང་ནོར་ཝེའི་རླུང་འཕྲིན་ཁང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་སོགས་རླུང་འཕྲིན་ཁང་རྣམས་དང་དེ་བཞིན་རྒྱལ་གཅེས་བོད་དོན་རོགས་སྐྱོར་ཚོགས་པ་དང་སློབ་ཕྲུག་རང་བཙན་ཚོགས་པ་སོགས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་གཏངས་ནས་མཁན་པོ་ཀར་ཚེའི་གནས་སྟངས་སྐོར་བཅར་འདྲི་བྱེད་རྒྱུ་དེ་རེད་འདུག ང་ནི་དེང་སང་པོར་ལེན་ནུབ་བྱང་བོད་རིགས་ཚོགས་པ་རྣམས་ཀྱི་གོ་སྒྲིག་འོག་ལོ་ལྟར་ཆགས་སུ་ཡོད་པའི་བདེ་ཆེན་ཞིང་སྒྲུབས་འཚོགས་བཞིན་པའི་སྐབས་ཀྱི་བྲེལ་ཟིང་ལ་ཁེལ་ནས་དུས་ཐོག་ལ་ཁ་པར་ལ་ཡ་ལེན་བྱེད་རྒྱུར་དུས་ཚོད་ཆེར་མེད་ཀྱང་བར་གསེང་སྐབས་སུ་རང་དགོན་གྱི་བླ་སྤྲུལ་རྣམས་ཀྱི་བཀའ་ཁྲོལ་ལྟར་མཁན་པོའི་སྐོར་གནས་ཚུལ་གང་ཤེས་ཁྱབ་བསྒྲགས་བྱས། 



འཁོར་བའི་འདམ་ནས་མི་འཇིགས་ཕྱག་ཡངས་ཀྱིས་དྲངས་ཤིང་། 
ལུགས་གཉིས་ལམ་གྱིས་བླང་དོར་བློ་མིག་རང་སྦྱིན་པའི།། 
བཀའ་དྲིན་འཁོར་མཐའ་བྲལ་བའི་དྲིན་ཅན་གྱི་བླ་མ།། 
སྐྱབས་རྗེ་བུདྡྷའི་མཚན་ཅན་སྙིང་དབུས་ནས་དྲན་སོང་།

གང་གི་གདན་ས་ཇ་དགོན་ཉི་མ་ཡི་གླིང་ནས།།
མཚུངས་མེད་བླ་རྒན་དམ་པའི་གྲིབ་བསིལ་གྱི་བདུད་རྩི།། 
བཀའ་གཏེར་སྨིན་གྲོལ་གདམས་པའི་གཏེར་སྒོ་རང་འབྱེད་དུས།། 
དམར་སེར་འདུས་པ་རྒྱ་མཚོའི་མཆེད་ལྕམ་རྣམས་དྲན་སོང་།

མེ་ཏོག་ནང་ནས་ཨུ་དུམ་ཝ་ར་ལྟར་འཕགས་པ།། 
འདུས་པའི་ནང་ནས་ཐོས་བསམ་སྒོམ་པ་ཡི་མངའ་བདག།
ཁོ་བོའི་རྡོ་རྗེའི་མཆེད་པོ་བློ་ཐུབ་ཀྱི་ཆོས་གྲོགས།། 
མཁན་པོ་ཀརྨ་ཚེ་དབང་སེམས་རྟིང་ནས་དྲན་ཀི།

ཁྱེད་ཀྱི་ལ་རྒྱའི་སེམས་ཤུགས་རི་བོ་ལས་བརྟན་ཅིང་། 
ཕུག་བསམ་དམིགས་འདུན་མ་ཀིའི་གཙང་ཆུ་ལས་རིང་བ།། 
གདོང་དམར་བོད་ལ་བཅངས་བའི་འགྱུར་མེད་ཀྱི་དམ་བཅའ།། 
གཡོ་མེད་བྲག་ལས་སྲ་བའི་མཆེད་གྲོགས་ཁྱེད་དྲན་བྱུང་། 

བླ་གཟུགས་དཔོན་མ་བླ་ཡི་ཆེ་ཚུགས་དེ་མ་ངོམ།།
ཐོས་དོན་མིང་གིས་རྒྱགས་པའི་སྔོ་ལོ་དེ་མ་འཕྱར།། 
ཉམ་ཆུང་ཐལ་རྡུལ་ཁྲོད་ཀྱི་ན་གཞོན་གྱི་སློབ་གསོ།། 
ང་ཡི་འཐབ་གྲོགས་སེམས་ཀྱི་ཉི་མ་དེ་དྲན་ནོ།།

དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, October 20, 2014

བདེ་ཆེན་ཞིང་སྒྲུབ་ཉིན་ལྔ་པ།

དེ་རིང་ནི་བདེ་ཆེན་ཞིང་སྒྲུབ་ཉིན་ལྔ་པ་དེ་ཡིན། ད་ནངས་ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་བོད་ཁང་དུ་སོང་བས་བོད་རིགས་རྣམས་ནས་ངོས་ལ་ཡོང་སྒུག་བྱས་འདུག ཆུ་ཚོད་བདུན་པའི་སྐབས་སུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་མཉམ་དུ་བླངས་ནས་ཞོགས་ཟས་ལ་རོལ། ཆུ་ཚོད་དགུ་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་པདྨ་མའི་དྲྭ་བ་མཉམ་དུ་བཏོན་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་
བོད་པ་རྣམས་ནས་སྒོམ་བྱེད་བཞིན་པ། 
དང་བར་སྐབས་ཀྱི་ཆོས་བཤད་ཀྱི་མཚམས་སྦྱོར་རྣམས་གང་ཤེས་ངོ་སྤྲོད་སོགས་བྱས། ཉིན་རྒྱབ་ཏུ་སྔ་ནས་གྲ་སྒྲིག་བྱས་ཟིན་པའི་ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱེད་རྒྱུ་དེ་ཡིན་ཀྱང་ཁ་སང་བསམ་བློ་ཞིག་གཏངས་དུས་ཆོས་ཞུ་བ་མང་ཆེ་བ་རྒན་གོག་ཡིན་པ་མ་ཟད་ཕལ་ཆེར་ནི་ཡིག་རྨོངས་ཙམ་ཡང་སེལ་མ་ཐུབ་མཁན་མང་སྤྱིར་ཕྱག་རྒྱ་ཆེན་པོའི་ཆོས་འདི་ཐེག་ཆེན་གསང་སྔགས་ཐུན་མོང་མ་ཡིན་པའི་ལྟ་བ་བཙན་ཐབས་ཀྱི་སྒོ་ནས་ངོ་སྤྲོད་སྟངས་ཞིག་ཡིན་སྟབས་ཟབ་ཆོས་དེ་ཉིད་ཉམས་སུ་ལེན་མཁན་ལའང་དབང་རབ་ཐེག་ཆེན་གྱི་སློབ་མ་སྣོད་དང་ལྡན་པ་ཞིག་ངེས་པར་ཅན་གལ་ཆེ་བས་ད་རེས་ཏེ་ལོ་པས་མཛད་པའི་ཕྱག་ཆེན་གངྒ་མ་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་གཉིས་གནས་སྐབས་ཕྱི་འཐེན་བྱས་པ་ཡིན། དེ་རིང་ནི་བན་རྒར་འཇམ་དཔལ་བཟང་པོས་མཛད་པའི་ཕྱག་ཆེན་བླ་བརྒྱུད་གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་འདི་ཉིད་ཀྱི་ཐོག་ནས་འགྲེལ་བཤད་གང་དྲག་དང་རང་ལ་ཉམས་ལེན་ཡོད་མེད་ལ་མ་ལྟོས་པར་ནམ་མཁའ་འདོམ་འཇལ་གྱི་ཚུལ་དུ་སྟོང་ཉིད་སྐོར་མདོར་བསྡུས་ཞིག་བཤད་ཁུལ་བྱས་པ་ཡིན། 

དགོང་མོ་ཆུ་ཚོད་བཞི་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་ཆོ་ག་རྗེས་ཆོག་དང་བསྔོ་སྨོན་སོགས་ཀྱིས་མཐར་དབྱུངས་ནས་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་ནང་དུ་སོང་། སང་ཉིན་ནས་བཟུང་ཉིན་གསུམ་རིང་བོད་རིགས་རྣམས་ཁེ་ན་ཌ་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་ཆོས་ལ་འགྲོ་བ་དང་སྟབས་སྟུན་ང་ནི་ཉིན་གསུམ་རིང་ངལ་གསོ་ཡོད་པས་སེམས་པ་ཧ་ཅང་སྐྱིད་པོ་འདུག

Thursday, October 16, 2014

པོར་ལེན་ལ་སོང་བའི་ཉིན་མོ།

སྔ་ལོར་འཚོགས་ཟིན་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟུར་པར་ཞིག།
དེ་རིང་ནི་ཆོས་ཚོགས་ཀྱི་ཚོགས་གཙོའི་གཙོས་དགེ་ཕྲུག་གསུམ་གྱིས་སན་ཧོའི་ཟེའི་གནམ་ཐང་ལ་སྐྱེལ་མ་བྱས་ནས་སེའི་ཨ་ཏྲོའི་གནམ་ཐང་བརྒྱུད་ནས་པོར་ལེན་ལ་དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་འབྱོར། པོར་ལེན་གནམ་ཐང་ནས་སྙིང་ནས་བརྩེ་བའི་ཆོས་གྲོགས་པདྨ་ཆོས་འཕེལ། ཤེས་རབ་སྐལ་ལྡན་དང་། བདེ་ཆེན་དཔལ་མཚོ་གསུམ་ནས་སྒུག་འདུག ཤར་སྐྱོད་ཤེས་རབ་ནང་དུ་ཡོང་ནས་ད་ནུབ་དེར་བསྡད། ཤེས་རབ་ནས་ངོས་ཀྱི་ཟ་མ་དགའ་ཤོས་མོག་མོག་དང་འཐེན་ཐུག་སོགས་ཀྱིས་ང་ནི་བོད་ཟས་དངས་མ་ཁ་ལ་མ་རག་ནས་ཡུན་རིང་སོང་བས་ཁྱི་ལྟོག་ཟས་དང་འཕྲད་པ་ནང་བཞིན་གྱུར། 
པོར་ལེན་བོད་རིགས་འདི་རྣམས་ནི་ང་ཚོ་ཕན་ཚུན་ཧ་ཅང་འཆམས་མཐུན་ཡག་པོ་ཡོད་པ་མ་ཟད་ཆོས་ཕྱོགས་ནས་ཀྱང་དམ་ཚིག་ཧ་ཅང་ཆེན་པོ་ཡིན། པོར་ལེན་བོད་རིགས་རྣམས་དང་ལྷན་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་ལོ་འདི་ཐེངས་མ་བདུན་པ་དེ་ཡིན། འདི་ལོར་རྩ་བའི་བདེ་ཆེན་ཞིང་སྒྲུབ་ཁོག་ནས་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་དང་། ཏཱེ་ལོ་པས་མཛད་པའི་ཕྱག་ཆེན་གངྒ་མ། ཉེ་ཆར་ཁོ་བོས་བྲིས་པའི་ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་འགྲེལ་བཤད་བཅས་སྦྲག་ནས་བཤད་འཆར་ཡོད། 
ས་གནས་འདིའི་བོད་རིགས་རྒན་གོག་རྣམས་ཀྱིས་ངོས་ལ་ར་གན་གསེར་རློན་གྱི་འདུ་ཤེས་ཚད་མཐོར་འཛིན་ནས་བདེ་ཆེན་ཞིང་སྒྲུབ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། 
ང་གང་ཟག་ཆོས་སྨྲ་བའི་མིང་ཅན་འདི་ལ་གཞན་ལ་མི་འདྲ་ཀུན་དང་མི་མཚུངས་པའི་དམིགས་བསལ་ཁྱད་ཆོས་ཞིག་ཡོད་བསམ་པ་ཞིག་མེད་ཀྱང་ཆེས་དགའ་འོས་པ་ཞིག་ལ་ཁོར་ཡུག་བཟང་པོ་བོད་གངས་ཅན་ལྗོངས་སུ་ལྟེ་ཁྲག་འཐོར་ཅིང་། རྩ་བའི་བླ་མ་དང་ཨ་ཞང་སོགས་སེམས་པ་དུང་བས་དཀར་ཞིང་། མི་གཞི་སྨྱུག་ལས་དྲངས་བའི་ཚད་ལྡན་དགེ་རྒན་རྣམས་ཀྱི་གཉོར་སྐྱོང་དང་བོད་གངས་ཅན་པའི་ཕ་ཁྱིམ་ཚ་བོའི་ནང་དུ་འཚར་ལོངས་བྱུང་བས་དེ་ནི་གཏམ་དཔེར་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་ཡིན་པས་ཆེས་རིན་ཐང་ཅན་གྱི་དཀའ་དྲིན་དེ་ནི་ས་གནས་གང་དུ་སོང་གྲོགས་སུ་དང་འགྲོགས་ཀྱང་དུས་ནམ་ཡང་མི་བརྗེད་པའི་དམ་བཅའ་ཡོད། 
ལར་ནི་ངས་བོད་རིགས་རྣམས་ལ་ནང་ཆོས་ཀྱི་སྒོ་བཤའ་འབྱེད་པ་འདི་ནི་རྒྱུ་མཚན་གཉིས་ཡོད། དང་པོ་ནི། ངས་བཤད་རྒྱུའི་ཆོས་འདི་ཉིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟབ་མོ་ཞིག་ཡིན་པའི་ཆ་ནས་ད་ལྟའི་མི་རབས་འདི་རྣམས་ཀྱིས་གོ་ལའི་གཅེས་ནོར་དུ་གྱུར་པའི་རིག་གཞུང་ཟབ་མོ་འདི་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་ཡིན། གཉིས་པ་ནི། ངོས་ཆུང་ནས་ད་བར་ནང་ཆོས་ཟབ་མོ་འདིའི་རྩ་བ་དང་ཡན་ལག་སོགས་ལ་སྦྱང་པ་རིག་གཅིག་རྐང་འཛིན་དུ་སོང་བའི་ཆེད་ལས་པ་ནང་ཆོས་སློབ་སྦྱོང་བ་ཞིག་ཡིན་པའི་ཆ་ནས་གང་ཕན་བཤད་པ་བླ་མའི་ལས་འགན་དུ་སོང་བས་དེ་ནི་ངོས་ཀྱི་གཡོལ་དུ་མེད་ལས་འགན་ངོ་མ་དེ་ཡིན་པའི་ཆ་ནས་ཡིན། 

སང་ཉིན་ནས་བཟུང་བདུན་ཕྲག་གཅིག་ལྷག་རིང་ཞོགས་པ་ཆུ་ཚོད་བདུན་པ་ནས་དགོང་མོ་ཆུ་ཚོད་ལྔ་ཡི་བར་ཆོས་བཤད་ཀྱི་མཁན་པོ་དང་། ཆོ་གའི་དབུ་མཛད་སོགས་འགན་གཅིག་ལྕོག་གིས་བྲེལ་ཟིང་ཆེ་བའི་ལོ་གཅིག་གི་མཛད་རིམ་ཆེ་ཤོས་དེ་ཡིན་པས་དགུང་བཅད་ཀྱི་ལྟོག་སྐོམ་དང་། ཚ་གྲང་གི་དཀའ་ཐུབ། སློབ་མའི་ལོག་སྒྲུབ་སོགས་མདོར་ན་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པའི་གོ་ཆ་གྱོན་ནས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བདུན་པ་ཉིད་ཀྱང་གེགས་མེད་མཐར་ཕྱིན་ཡོང་བའི་སྨོན་ལམ་དང་དམ་བཅའ་བརྟན་པོ་ཡོད།

Saturday, October 11, 2014

ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱས་པའི་ཉིན་མོ།

ཆོས་ཞུ་བ་ཁག་ཅིག་དང་མཉམ་དུ། 
ཉིན་མོ་འདི་ནི་ཟླ་བ་འགའ་ཡི་གོང་ངོས་ཀྱི་ཆོས་ཚོགས་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་དེ་རིང་ཉིན་གང་ཧྲིལ་པོར་ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་འཚོགས་ཁང་ལ་སོང་བས་མི་གྲངས་སུམ་བཅུ་ཁ་ལྷག་གིས་ངོས་ལ་ཕེབས་སྒུག་བྱས་འདུག 
དང་པོ་ངོས་ཀྱི་དབྱིན་ཇི་ཆགས་རོ་དེ་རྒྱབ་ནས་མི་མང་ལ་ཁམས་འདྲི་དང་སྦྲག་དངོས་བཞིའི་ཆོས་ལ་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་བརྒྱུད་ནས་ཕྱག་ཆེན་དངོས་གཞིའི་ཆོས་མ་བཤད་གོང་ནས་ཐུན་མོང་གི་སྔོན་འགྲོའི་ཆོས་ལ་བློ་ལྡོག་རྣམ་བཞི་མདོར་བསྡུས་བཤད་ནས་ཐུན་མོང་མ་ཡིན་པའི་ཆོས་ལ་རླུང་རོ་དགུ་ཕྲུག་བྱེད་སྟངས་མདོར་བསྡུས་ཞིག་བཤད། 
དངོས་གཞིའི་ཆོས་ཐུན་ལ་ཉེ་ཆར་ངོས་རང་ནས་བྲིས་པའི་ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་འགྲེལ་བཤད་ཐོག་ནས་རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད། རྣམས་རིམ་བཞིན་ཇི་ལྟར་ཉམས་སུ་ལེན་སྟངས་དང་བཅས་རང་གང་ཤེས་ཉམས་མྱོང་དང་། རྩ་བའི་བླ་མའི་ཞལ་རྒྱུན་སོགས་མདོར་ན་རང་བཟོ་དང་ཕོ་ཚོད་ཀྱི་དབང་དུ་མ་སོང་བར་གང་ཤེས་བཤད་ཁུལ་བྱས། སྐབས་སྐབས་སུ་བཤད་དོན་རྣམས་གདན་ཐོག་དེ་གར་སྒོམ་འཇུག་པ་སོགས་ཀྱང་བྱས། ཆུ་ཚོད་ལྔ་པའི་སྐབས་སུ་དྲི་བ་དྲིས་ལན་སོགས་ཀྱིས་དེ་རིང་གི་ཆོས་ཐུན་ཉིད་ཡོངས་སུ་གྲུབ་པར་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། ལར་ནི་ངོས་ཀྱི་སློབ་མ་འདི་རྣམས་ལོ་རེ་བཞིན་ང་ལ་དད་གུས་དང་ཆོས་ལ་མོས་པ་ཇེ་ཆེ་རེད་འདུག དེ་ནི་ངོས་ལ་ལྟོས་ན་ཧ་ཅང་དགའ་འོས་པའི་གནས་སྟངས་ཞིག་རེད་བསམ། 
གཤམ་དུ་ལོ་གསུམ་ཡར་སྔོན་ཁོ་བོས་བྲིས་པའི་ཀ་རྩོམ་ཞིག་གཏངས་ཡོད། 
 ༄།། ཀ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་བཞུགས་སོ།
ཀ་དག་གཡོ་བ་མེད་པ་རྩེ་གཅིག་༵གི་ངང་ནས།།
ཁ་ཚིག་བརྗོད་པ་ལས་འདས་སྤྲོས་བྲལ༵་གྱི་ལྟ་བ།།
ག་ལེར་སྣང་སེམས་དབྱེར་མེད་རོ་གཅིག༵་ཏུ་རྟོགས་ན།།
ང་ཚོ་མེས་པོའི་སྒོམ་མེ༵ད་རྒྱལ་ས་རུ་སྙེག་འགྲོ།།

ཅ་དག་དབེན་པ་མ་བསྟེན་རང་བྱུང་གི་གཤིས་ལུགས།།
ཆ་ལུགས་གང་གིས་མ་བསྒྱུར་ད་ལྟ་ཡི་རིག་པ།།
ཇ་ཡུན་ཙམ་ལ་མ་ཡེངས་གསལ་སྟོང་གི་ངོ་བོ།།
ཉ་ཆུ་བཞིན་དུ་འབྲལ་མེད་སྐྱོང་བ་འདི་ཨེ་མ།།

ཏཱ་ཐ་གཱ་ཏའི་ཆོས་ཀྱི་སྙིང་པོ་ཡི་ཡང་རྩེ།།
ཐ་མལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཡི་སྐབས་སུ།།
ད་ལྟའི་གསལ་རིག་ཤེས་པ་མ་ཡེངས་ཙམ་སྐྱོང་ན།།
ན་འཆི་སྔས་མགོར་སླེབས་ཀྱང་དངངས་སྐྲག་ཞིག་མི་དགོས།།

པ་ལོ་རྒྱབ་ཏུ་བཅིངས་པའི་སྒྲུབ་བརྒྱུད་ཀྱི་མངའ་བདག།
ཕ་རྒན་མར་པ་ལོ་ཙཱའི་གདམས་ངག་གི་ཁྱད་ཆོས།།
བ་གླང་རྫི་ཡན་གྲོལ་བའི་བདེ་སྟོང་གི་མྱུར་ལམ།།
མ་ཡེངས་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་སྐྱོངས་ཤིག།

ཙཱ་རིའི་ནགས་སོགས་དབེན་ཁྲོད་ཉམས་དགའ་ཡི་གནས་སུ།།
ཚ་གྲང་དཀའ་སྤྱད་མེས་པོ་གོང་མ་ཡི་རྣམ་ཐར།།
ཛཱ་ཧུའི་བུ་མོ་བཞིན་དུ་གུས་རྟག་གིས་འབད་ན།།
ཝ་ལེར་གསལ་བའི་སངས་རྒྱས་ཐག་རིང་ན་མི་འདུག།

ཞྭ་མོའི་དབྱིབས་མདོག་ཙམ་ལ་བསྟན་རྩ་རང་འཛིན་ཅིང་།།
ཟ་ཉལ་སྤྱོད་སོགས་འཇིག་རྟེན་ཐ་མལ་ལས་སྡུག་པ།།
འ་ཅག་བོད་བསྟན་བདག་པོ་ང་འདྲ་ཡི་སེར་གཟུགས།།
ཡ་མ་རཱ་ཛའི་མདུན་ནས་བྲོས་ས་འདྲ་ཡོད་དམ།།

རྭ་ལྟར་གྱོང་བའི་བདག་འཛིན་འགོང་པོ་ཡི་ཐོག་ཏུ།།
ལ་མོ་སྟོང་ཉིད་ཟབ་མོས་ཐོག་རྫིས་ཞིག་བྱོས་དང་།།
ཤཀྱཱའི་བསྟན་ལ་གྲུབ་རྟགས་དེ་ལས་རང་མེད་པས།།
ས་ཆ་གང་དུ་སོང་ཡང་མན་ངག་དེ་མ་བརྗེད།།

ཧ་ལོའི་དུག་གི་ས་བོན་ངན་རྟོག་གི་ཁྲོད་ནས།།
ཨ་མྲི་ཏ་ཡི་འབྲས་བུ་བསླབ་བྱ་ཞིག་མེད་ཀྱང་།
ཧ་ཅང་དགེ་བའི་ཀུན་སློང་རབ་དཀར་གྱི་ཉི་མ།།
ཨ་མཚར་ཉམས་འགྱུར་ཙམ་ལ་འགོག་མཁན་ཞིག་ཨི་ཡོད།།

ཅེས་ཀ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་ཅེས་པ་འདི་ཉིད་ཀྱང་། ཨ་རིའི་བྱང་ཕྱོགས་ཁ་ལི་ཧྥོ་ཉི་ཡའི་ས་གནས་སུ་དབེན་ཁྲོད་གྲུབ་གཉིས་དགའ་ཚལ་གླིང་དུ་ཕུར་པའི་བསྙེན་མཚམས་ཞིག་གི་སྔ་ཐུན་སྐབས་སུ་ཆོས་སྨྲ་བའི་མིང་ཙམ་འཛིན་པ་དོན་དུ་ཆོས་དོན་ནོར་གྱིས་དབུལ་བའི་སྙོམས་ལས་པ་ཀར་བསྟན་ནས་རབ་གནས་ཆུ་འབྲུག་ལོའི་ནག་ཟླའི་ཚེས་པ་བརྒྱད་དང་། 2012 ཕྱི་ཟླ་12 ཚེས་པ་20 ཉིན་བྲིས་པ་དགེ་ལེགས་འཕེལ།།)

Sunday, October 5, 2014

སངས་རྒྱས་སྨན་བླའི་ཆོས་ཚོགས་ལ་སོང་བའི་ཉིན་མོ།

སངས་རྒྱས་སྨན་བླའི་ཆོས་ཚོགས་ནང་ནས། 
ཉིན་མོ་འདི་ནི་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་ད་ནང་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་ས་གནས་འདི་ནས་ཐག་ཉེར་ཡོད་པའི་བླ་མ་བཟོད་པ་རིན་པོ་ཆེའི་སངས་རྒྱས་སྨན་བླའི་ཆོས་ཚོགས་ལ་ངོས་ཀྱི་དགེ་ཕྲུག་གསར་བུ་བཅུ་གསུམ་ཙམ་ཁྲིད་ནས་ཆོས་མཇལ་ལ་སོང་།  བླ་མ་བཟོད་པ་ནི་དགེ་ལུགས་པའི་བླ་མ་ཕྱི་རྒྱལ་སོགས་ལ་འགྲོ་དོན་ཧ་ཅང་ཆེན་པོ་ཅན་ཞིག་ཡིན་པ་མ་ཟད་སྐད་ཆ་གོ་ཚུལ་བྱས་ན་ཉམས་ལེན་ཧ་ཅང་ཡག་པོ་ཅན་ཞིག་ཡིན་སྐད་འདུག ངས་ནི་ལོ་གསུམ་ཙམ་གོང་ནས་རྡ་རམ་ས་ནས་སྐྱབས་མགོན་རིན་པོ་ཆེའི་གསུངས་ཆོས་ཞིག་གི་སྐབས་སུ་གྲལ་གདན་གཅིག་པ་ཙམ་ལས་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད། ཞོགས་པ་ཆོས་ཚོགས་སུ་སླེབས་མ་ཐག་ཏུ་མཆོད་ཁང་ནང་སོང་ནས་ཚང་མས་༧གོང་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་ངས་བོད་སྐད་ཐོག་སྨན་བླའི་གཟུངས་སྔགས་དང་སྨོན་ལམ་སོགས་བྱས་ནས་རིའི་སྒང་དུ་ཡོད་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་མཇལ་དུ་སོང་། སྐུ་བརྙན་ཐོག་རྩེགས་གཉིས་ཙམ་ཅན་གྱི་སྐུ་དེ་མཇལ་བ་དང་མཉམ་དུ་ངོས་ཀྱི་དགེ་ཕྲུག་གསར་བུ་རྣམས་ཧ་ལས་ཧོན་འཐོར་མདོག་བྱེད་ཀྱི་འདུག སྐུའི་དྲུང་ནས་སོ་སོའི་སྨོན་ལམ་སོགས་གང་ཤེས་མཐར་སྒོམ་སྐར་མ་ཁ་ཤས་བྱེད་བཅུག་ནས་ངས་དབྱིན་ཇིའི་ཆགས་རོ་དེ་སྐྱོན་ནས་ཆོས་བཤད་འདི་འདྲ་ཞིག་བྱེད་ཁུལ་བྱས། 
ནམ་རྒྱུན་གནས་སྐོར་ལྷ་མཇལ་གང་ཡིན་ཀྱང་ཐོག་མའི་ཀུན་སློང་བཟང་པོའི་འོག་ནས་རྟེན་དང་གནས་སོགས་ལ་མོས་གུས་ཀྱི་དད་པས་མཇལ་དགོས། དེང་དུས་འགྲེམ་སྟོན་ཁང་དང་སྤྱན་གཟིགས་ཁང་ནང་དུ་ལྟ་སྐོར་ལ་སོང་བ་འདྲ་བོ་ཞིག་བྱས་ན་གནས་མཇལ་བའི་གོ་མི་ཆོད། བོད་གངས་ཅན་ལྗོངས་ལྟ་བུར་མཚོན་ན་གནས་ཀྱིས་གང་ཟག་བྱིན་གྱིས་རླབས་ཐུབ་པ་ཡོད། ས་གནས་འདིར་ད་ལྟ་བོད་ཆོས་དར་འགོ་ཚུགས་ནས་རིང་པོར་སོང་མེད་དུས་གང་ཟག་ཁྱད་པར་ཅན་གྱིས་གནས་ཕར་བྱིན་གྱིས་རླབས་པའི་དུས་ཡིན། ད་ལྟ་ང་ཚོའི་མདུན་ན་ཡོད་པའི་སྐུ་བརྙན་འདི་རྒྱལ་བ་བྱམས་པ་ཟེར་འདི་མ་འོང་འབྱུང་འགྱུར་ཚེ་ལོ་བཅུ་པའི་དུས་རབས་ཀྱི་སངས་རྒྱས་རེད། སྤྱིར་སངས་རྒྱས་གཅིག་སྟོང་དང་གཉིས་ཡོད་པའི་ནང་ནས་ད་ལྟའི་སངས་རྒྱས་བཅོམ་ལྡན་འདས་འདི་སངས་རྒྱས་བཞི་པ་དེ་རེད། རྒྱལ་བ་བྱམས་པ་འདི་སངས་རྒྱས་ལྔ་པ་རེད་ད་དུང་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་གོ་བརྒྱད་ཙམ་འབྱོན་རྒྱུ་བསྡད་ཡོད། སྐབས་དེ་དུས་ང་ཚོ་གང་དུ་ཡོད་སུས་ཤེས། 
ཞེས་བཤད་པས་སློབ་མ་རྣམས་ཧ་ཅང་དགའ་བོ་བྱས་སོང་། ཉིན་གུང་ཞལ་ལག་ཚར་མ་ཐག་རི་མགོར་སོང་། ལམ་བར་རྣམས་སུ་བློ་སྦྱོང་ཚིག་བརྒྱད་མ་ཤོ་ལོ་ཀ་རེ་རེ་བཞིན་གཤམ་དུ་སྐྱབས་མགོན་རིན་པོ་ཆེའི་འགྲེལ་བཤད་ཡོད་པ་སྦྱར་བྱང་དུ་མཇལ་རྒྱུ་འདུག་པས་ངོས་ཀྱི་དགེ་ཕྲུག་རྣམས་ལ་རེས་མོས་ཀློག་བཅུག་པས་དེ་རིང་གི་གནས་མཇལ་དེས་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། དགུང་མོ་ཆུ་ཚོད་བཞི་པའི་སྐབས་སུ་དེ་རིང་གི་དགོན་པ་དེ་སྐྱིད་རབ་དང་ཁ་ལག་དེ་ཞིམ་རབ་སོགས་རླངས་འཁོར་ནང་ནས་ཕན་ཚུན་ཁ་བརྡ་དང་ཀུ་ཅོའི་འུར་སྒྲས་རྣ་བ་བཀས་གྲབ་བྱེད་བཞིན་ནང་དུ་འབྱོར། 
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, October 2, 2014

ཨ་རིའི་རླུང་འཕྲིན་ཁང་ལ་དྲི་བ་དྲིས་ལན་བྱས་པའི་ཉིན་མོ།


ཨ་རིའི་རླུང་འཕྲིན་ཁང་གི་དྲྭ་ཟུར་ཞིག
དེ་རིང་ནི་ཉིན་ཤས་གོང་ནས་དུས་ཆད་བྱས་པ་ནང་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་ལ་ཡོད་པའི་བོད་སྐད་རླུང་ཕྲིན་ནང་ཆོས་རིག་སྡེ་ཚན་ཀུན་བཟང་སྒྲོལ་མ་ལགས་དང་དྲི་བ་དྲིས་ལན་བྱེད་རྒྱུ་དེ་ཡིན། དེ་ནི་ཨ་རིའི་མངའ་སྡེ་པོར་ལེན་ཌ་ནང་འཚོགས་ལ་ཉེ་བའི་བདེ་ཆེན་ཞིང་སྒྲུབས་ཐེངས་མ་བདུན་པ་དང་ཕྱག་རྒྱ་ཆེན་པོའི་ཆོས་བཤད་སྐོར་དེ་རེད། འདི་ལོའི་བདེ་ཆེན་ཞིང་སྒྲུབས་ནི་ཨ་རིའི་པོར་ལེན་ཌ་ནུབ་བྱང་བོད་རིགས་ཚོགས་པ་དང་མཉམ་དུ་འཚོགས་ནས་ཐེངས་མ་བདུན་པ་ཡིན། དེ་རིང་ཉིན་གུང་ཆུ་ཚོད་བཅུ་དང་ཕྱེད་སྐབས་སུ་ནང་ཆོས་མདོ་འཛིན་པ་ཀུན་བཟང་སྒྲོལ་མ་ལགས་དང་མཉམ་དུ་ཁ་པར་ཐོག་ནས་དྲི་བ་དྲིས་ལན་བྱས་པ་ཡིན། དྲི་བ་ནི། བདེ་ཆེན་ཞིང་སྒྲུབས་ཟེར་ན་གང་ཡིན་པ་དང་དེང་སང་གི་དུས་ཚོད་འདིར་བདེ་ཆེན་ཞིང་སྒྲུབས་སམ་སངས་རྒྱས་འོད་དཔག་མེད་འདི་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་དང་། ཕྱག་རྒྱ་ཆེན་པོ་ཟེར་བ་དེ་གང་ཡིན་མིན་སོགས་དྲི་བ་མང་དག་ཞིག་འདུག་སྟབས་ངས་ཀྱང་རང་གི་བསམ་ཚུལ་དང་སྦྲག་ནས་གང་ཤེས་མདོར་བསྡུས་ལན་འདེབས་དང་འགྲེལ་བཤད་སོགས་ཆུ་ཚོད་ཕྱེད་ཀ་ཙམ་ལ་བྱས། 

ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ལག་ཁྱེར་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་བལྟ་ཙམ་ཞིག་བྱས་དུས་ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་ཧྥི་རི་ཀས་ཞི་བདེའི་འཚོགས་འདུ་ལ་མགྲོན་ཤོག་མ་ཕུལ་བ་དེའི་རྐྱེན་ནས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐད་གྲགས་ཅན་གྱི་བུད་མེད་གཉིས་བཞུགས་སྒར་རྡ་རམ་ཤ་ལར་ཆེད་དུ་ཕེབས་ནས་རྒྱ་གར་གྱི་མེས་པོ་དམ་གན་དྷིའི་འཁྲུངས་སྐར་དང་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནོར་ཝེའི་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་གྲ་རྒྱས་པོ་ཞིག་འཚོགས་བཞིན་པ་དེ་རེད། དེ་ནི་དུས་རབས་འདིར་གང་ཟག་རེ་ཟུང་གིས་ས་ཆེན་ཡོམ་ཡོམ་དུ་སྒུལ་མཁན་ནི་༧གོང་ས་ཏཱ་ལའི་བླ་མ་འདི་གཅིག་པུ་རེད་ཟེར་ཀྱང་མ་འགྲིག་ཞིག་གཏན་ནས་མི་འདུག་བསམ། ཁོང་ནི་འཛམ་གླིང་ས་ཆ་གང་དུ་ཕེབས་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ། གསུང་ལ་འཚེ་མེད་ཞི་བ། ཐུགས་ལ་བྱམས་དང་སྙིང་རྗེ། རྒྱབ་ཁུག་དམར་པོ་ཕྲག་ཏུ་གཟར་ཞིང་མཐོ་དམན་སུ་དང་འཕྲད་ཀྱང་ཞལ་འཛུམ་མདངས། ཕྱག་ཐལ་མོ་ཁོང་གི་མི་འཇིགས་པའི་བདེན་དོན་སེངྒེའི་སྐད་གསང་རེས་རྒྱ་ནག་དམར་ཤོག་ཝ་སྐྱེས་ངན་གཡོའི་སྲིད་འཛིན་རྣམས་ཀྱི་སྐྱག་རྫུན་གྱི་རྐུབ་རྡོལ་དོགས་དང་། མགོ་སྐོར་གྱི་འཚངས་བུད་དོགས་སོགས་མདོར་ན་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་གྱུར་ཡོད་པ་གསལ་བོར་རེད། ངས་དྲན་སོས་པ་ཞིག་ལ་ལོ་བཅུའི་ཡར་སྔོན་ཁོང་ནས་འདི་ལྟར་གསུངས་མྱོང་ཡོད། 
རྒྱ་ནག་དམར་ཤོག་དབང་འཛིན་པ་རྣམས་ཀྱིས་དཔུང་དང་རྫུན་གྱིས་བསླུས་པའི་དེང་དུས་ཀྱི་མཚོན་ཆའི་མེ་མདའ་ཁུར་ནས་བོད་དང་གྲངས་ཉུང་མི་རིགས་ཐོག་ཏུ་གནས་སྐབས་བེད་སྤྱོད་བྱེད་པ་ལས། ངས་དྲང་བདེན་དང་འཚེ་མེད་ཞི་བའི་མེ་མདའ་ཁུར་ནས་འཛམ་གླིང་ལ་བདེན་དཔང་བྱེད་པ་གཉིས་གནས་སྐབས་ཙམ་ལ་རྒྱ་ནག་གཞུང་ལ་བདེན་ཁ་ཆེ་ཡང་མཐར་ཐུག་རྒྱལ་ཁ་ང་ལ་ཐོབ་པའི་ཡིད་ཆེས་ཡོད། 
ཅེས་གསུངས་པར་དཔྱད་ན་ད་རེས་ཞི་བདེའི་འཚོགས་འདུ་ཕར་འགྱངས་དགོས་པ་དང་མ་ཟད་ཞི་བདེའི་དེད་དཔོན་ཁ་ཤས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་དེ་ཉིད་ཀྱིས་བདེན་པའི་ནམ་ལང་ཞིང་རྫུན་གྱི་མུན་པ་རུབ་པའི་དུས་ཚོད་ཅིག་ཅོང་བརྡ་ངོ་མ་དེ་རེད་བསམ།  
ཞི་བདེའི་ལྷ་བྱ་དཀར་པོའི།། 
འཛམ་གླིང་སྐོར་བ་རྒྱབ་སོང་། 
ལྟས་ངན་ཐན་བྱ་འུག་པས།། 
སྡུག་སྐད་ལུང་པ་གང་སོང་།

རྒྱལ་བ་བསྟན་འཛིན་རྒྱ་མཚོ།།

ཞི་བདེའི་དེད་དཔོན་གྱུར་དུས།། 
ཁྲེལ་མེད་རྒྱ་དམར་ཚོགས་པ།། 
སེམས་པ་སྡུག་ལ་སྦྱར་སོང་། 

དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།