Wednesday, December 3, 2014

རྨི་ལམ་རྨིས་པའི་ཉིན་མོ།།

བསོད་ནམས་ཆེན་པོའི་དབང་གིས་བོད་ཆོས་ལྡན་གྱི་ཞིང་དུ་སྐྱེས་པ་མ་ཟད་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་ཕུག་གཏད་འཆའ་བའི་ཆོས་ལྡན་གྱི་མི་ཚང་ཞིག་ཏུ་སྐྱེ་ཚར་བྱུང་བའི་དོན་གོ་རུ་ཆུང་ནས་ཆོས་སྒོ་རུ་ཞུགས། བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གྲུབ་དབང་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་གཙོས་བཀའ་རྙིང་གི་མཁན་ཆེན་མང་པོའི་མདུན་ནས་ཟབ་དགུའི་གདམས་ངག་རྣམས་ཞུས་བློ་ཙམ་དུ་མ་སོང་བར་གང་ཐུབ་ཉམས་ལེན་བྱེད་ཁུལ་བྱས། མ་ཟད་སྙིགས་དུས་ཚེ་ཐུང་ནད་མང་། དུས་ངན་གཡོ་འཁྲུག་ངན་དགུ་མཐའ་དག་མི་འདོད་བཞིན་དུ་བརྡོ་བའི་དུས་སྐབས་འདིར། ཐུགས་བསྐྱེད་དང་སྨོན་ལམ་སངས་རྒྱས་གཞན་ལས་ཀྱང་ཆེས་ཆེར་ལྷག་པ། སངས་རྒྱས་འོད་དཔག་འདི་ཉིད་རིགས་ཀྱི་བདག་པོར་བསྙེན་ནས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་། ལྷ་འགྲུབ་པའི་རྟགས་མཚན་ལ་རབ་ཀྱིས་ཞལ་མཇལ། འབྲིང་གིས་ཉམས་དང་རྟོགས་པ། ཐ་མས་རྨི་ལམ་གྱི་ཚུལ་དུ་ཡོང་ཞེས་བརྒྱུད་སྡེ་རྣམས་ནས་གསུངས་ཀྱང་བདག་ལྟ་བུ་སོ་སྐྱེའི་འཆིང་བ་ཀུན་ལྡན་ཞིག་ལ་འགྲུབ་རྟགས་རབ་འབྲིང་གཉིས་ལ་རེ་བ་ཆེར་མེད་ཀྱང་ཐ་མ་འདི་ཉིད་ནི་ག་དུས་ཡིན་ཀྱང་ཡོད། ཉེ་བའི་ཆར་ཨ་རིའི་པོར་ལེན་དང་། ཉིའུ་ཡོག བྷོ་སི་ཊོན། ཀན་སེའི་སི། སོགས་མངའ་སྡེ་འགའ་ཤས་ཞིག་ནང་བདེ་ཆེན་ཞིང་སྒྲུབ་དང་ནང་ཆོས་ངོ་སྤྲོད་སོགས་ཆེད་དུ་ཟླ་བ་གཅིག་ལྷག་རིང་སོང་ནས་གཉུག་མར་གནས་བསྡོད་བྱེད་ས་འཇམ་དབྱངས་ཆོས་འཁོར་གླིང་ལ་བདེ་འབྱོར་བྱུང་ནས་ཕྱིར་ཉིན་སྐབས་སུ་འཆར་ཅན་ལྟར་དུ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་ཉིད་འཚོགས་གྲུབ་ནས་དགོང་མོ་ཉལ་སར་གཉིད་དུ་ཡུར། ཞོགས་པ་ཆུ་ཚོད་ལྔ་ཙམ་ལ་རྨི་ལམ་འདི་འདྲ་ཞིག་རྨིས། བོད་ཁམས་གསེར་རྟ་ཆོས་སྒར་འདྲ་བ་ཞིག་ལ་འབྱོར་འདུག ཅི་ཆ་མེད་པར་ངོས་ནས་རྟ་དཀར་པོ་ཞིག་ཞོན་འདུག སྤྱིར་བོད་ཀྱི་དགོན་པའི་ནང་དུ་རྟ་ཞོན་ནས་འགྲོ་བའི་ལུགས་སྲོལ་གཏན་ནས་མེད། གལ་སྲིད་ཞོན་མཁན་ཡོད་ན་དེ་ནི་མི་ཐ་ཤལ་ཞིག་ཏུ་རྩི་བ་མ་ཟད་དགོན་པའི་ལས་ཀྱི་སྣེ་མོ་རྣམས་ཀྱིས་ཉེས་ཆད་ཀྱང་བཅོད་སྲིད། ང་ནི་རྟ་དཀར་པོ་ཞིག་ཞོན་ནས་གསེར་རྟ་ཆོས་སྒར་ལུང་པའི་མདའ་ནས་ཕུ་ཡི་བར་དུ་སོང་བས་ཚོད་དཔག་བྱས་ན་གྲྭ་བཙུན་འབུམ་ཕྲག་ཙམ་གྱིས་ང་ལ་བལྟ་བཞིན་འདུག འགྲོ་བཞིན་པའི་སྐབས་སུ་གྲྭ་པ་ཞིག་གིས་ངོས་ཀྱི་རྟ་ལམ་བཀག་ནས་འདི་འདྲ་ཟེར།  (ཡ་དེང་སང་ས་གནས་འདིར་སྦག་སྦག་དང་། རླངས་འཁོར། འཕྲུལ་རྟ་སོགས་ཞོན་ནས་འགྲོ་མཁན་ལས་རྟ་ཞོན་ནས་འགྲོ་མཁན་ཁྱོད་རང་མ་གཏོགས་མཐོང་མ་བྱུང་། གང་ནས་ཡོང་བ་ཡིན། གང་དུ་འགྲོ་མཁན་ཡིན།)  ཅེས་དྲིས་བྱུང་། ངས་ལན་མ་རྒྱབ་གོང་ནས་ཞོན་རྟ་དཀར་པོ་དེས་མི་སྐད་ཀྱི་ཚུལ་དུ།  (ངེད་གཉིས་བདེ་ཆེན་ཞིང་ལ་འགྲོ་མཁན་ཡིན།)  ཅེས་ལན་བཏབས་པ་དང་མཉམ་དུ་གོམ་རྒྱུགས་ཐུང་ཙམ་བྱས་ནས་མཐར་ནམ་མཁའ་ལ་ཇེ་མཐོར་བཀྱག་ནས་འཕུར་སོང་། བར་སྣང་ཁམས་ནས་མར་བལྟ་དུས་གནམ་གྲུའི་སྒེའུ་ཁུང་ནང་ནས་བལྟས་པ་ནང་བཞིན་གསེར་རྟ་ཆོས་སྒར་གྱི་བཟོ་དབྱིབས་བཀོད་པ་ཚང་མ་མཐོང་ཐུབ། མ་ཟད་གྲྭ་བཙུན་འབུམ་ཕྲག་ཙམ་དམར་སེར་ཉིལ་ལེ་མཐོང་བའི་སྐབས་སུ་ངོས་ཀྱི་སེམས་ནང་འདི་འདྲ་བསམ། ཆགས་མེད་བདེ་སྨོན་གྱི་འགྲེལ་བའི་ནང་དུ་བདེ་བ་ཅན་དུ་ཆོས་ལོངས་སྤྲུལ་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པ་སོགས་མང་པོ་ཞིག་ཡོད་ཀྱང་གཙོ་བོ་སྤྲུལ་སྐུའི་ཆ་ལུགས་ཅན་དགེ་སློང་བྱེ་བ་འབུམ་ཕྲག་མང་པོ་ཡོད་ཅེས་གསུངས། སྨོན་ལམ་ལས།
ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར།།
བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ།། 
ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན།། 
ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ།། 
ཚིག་དོན་རྣམས་སེམས་ལ་ལྷང་ལྷང་དྲན་བྱུང་། 
རྟ་ཐོག་ནས་མིག་གིས་ཆོས་སྒར་ལ་གཅེར་བཞིན་མི་རྟ་གཉིས་པོ་ནམ་མཁའ་ནས་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་ཅི་ཆ་མེད་པར་གཉིད་སད་འདུག ཞོགས་པ་གཉིད་སད་པའི་སྐབས་སུ་སེམས་ལ་ཧ་ཅང་དགའ་སྤྲོ་ཆེན་པོས་ཁེངས་འདུག ཡར་ལངས་ནས་མཆོད་ཁང་གཙང་མ་བྱས་ཤིང་མཆོད་པ་གསར་པ་གཤམས་ནས་འཆར་ཅན་གྱི་རྒྱུན་ཁྱེར་ཞོགས་འདོན་བྱས། 

ད་ནུབ་ཉིང་འཕྲུལ་བདེན་ན།། 
བན་རྒན་འཆི་མ་ཐག་ཏུ།། 
བདེ་ཆེན་ཞིང་ལས་མ་གཏོགས།། 
འགྲོ་ས་མེད་པར་ཤེས་སོང་།


ལྷ་གཅིག་སྣང་བ་མཐའ་ཡས།།
ཆོས་གཅིག་བདེ་ཆེན་ཞིང་སྒྲུབ།། 
ཞིང་གཅིག་སུ་ཁ་ཝཱ་ཏི།། 
གཏན་དུ་བསྙེན་པས་འཚེངས་སོང་། 



Throughout my life, I have practiced the Amitabha Sadhana and at times experienced unusual dreams and sometimes, interpreted them as signs of my practice.

About two weeks ago, after concluding my teachings on Amitabha practices in Portland, Oregon and New York City, I returned home to California and resumed teachings here.  The following morning, I had an extraordinary dream.

Around 5 am, I dreamt of being in Sertha Lharong in Tibet, the residence of one of my most revered master, His Holiness Khenpo Jigme Phuntsok.  Sertha monastery, a seat of great Buddhist learning, has over 20,000 resident monks and nuns.  However, in my dream, there were countless in number and seemed as though the whole plain was filled with monks and lamas and the entire region blanketed with red robes.  In the dream, I rode a white horse and we were entering the monastery as all the monks and lamas watched us.  As we proceeded towards the monastery, a monk came towards us and asked, “These days everyone travels by motorcycle or car and no one rides a horse anymore.  Where have you come from and where are you going?”  I felt as though the horse carried me there on his back and could not answer right away, but before I attempted to speak, the horse replied in a human voice. First it seemed to reply in English, “Amitabha Pureland” and then spoke in Tibetan, “we are both going to Dewachen Shingkham (Amitabha Pureland).”  The horse had wings and it gradually spread its wings and started to fly.  As we glided in the sky, the view was like one from a descending airplane.  It was exceptionally beautiful and became more vivid of the entire region filled with monks and lamas.  Instantly, I remembered two lines from the aspiration prayers of the Amitabha practice.  “Where there are countless realized beings/Bodhisattvas. Where there is co-existence of Dharmakaya, Sambhokakaya and Nirmankaya.”  As the horse gained altitude and flew higher and higher, I woke up from the dream. 

Waking up, I felt an extraordinary sense of bliss and peace that I never experienced before.  I got up, made my offerings and sensed profound joy and happiness.  That morning, I felt a conviction that if I pursue this path and do not commit any unwholesome actions, right from that moment on, I could achieve to be born in Dewachen.

Dreams are usually illusions and yet some do come true.   That morning, it felt like it will come true. 



No comments:

Post a Comment