Wednesday, December 10, 2014

ཆོས་བཤད་བྱས་པའི་ཉིན་མོ།

གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན།།
ཁ་སང་ནི་གཟའ་ཟླ་བའི་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབ་དེ་ཡིན། ངོས་ཀྱི་སྐད་བསྒྱུར་བྱམས་པ་ལགས་ཀྱི་གཟའ་ཟླ་ཉེ་ཆར་བདུན་ཕྲག་གོང་མར་གཟའ་ཟླ་བའི་ཉིན་མོ་ཚེ་ལས་འདས། ཚེ་ལས་འདས་རྗེས་དགེ་ཕྲུག་ཁ་ཡོའུ་ངེད་གཉིས་ཆེད་དུ་སོང་ནས་རོ་མགོར་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་དང་འོད་ཆོག་སོགས་ཀྱིས་གཤིན་པོར་བསྔོ་སྨོན་གང་དྲག་བྱས། ཕུང་པོ་རླངས་འཁོར་ནང་དུ་འཇོག་པ་སོགས་འཛེམས་ཟོན་གང་ཡང་མེད་པར་རོ་ལས་ཀྱི་བགྱི་བྱ་རྣམས་ཆ་ཚང་གྲུབ་པར་བྱས། དེ་རིང་ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་ལྟར་དུ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན་སྟབས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་མི་རྣམས་ཀྱིས་འཚོགས་ཁང་དེ་རྦད་དེ་གང་སོང་། དེ་རིང་ངོས་ཀྱི་ཆོས་བཤད་རུ་དུས་རབས་འདིར་ལྷ་སངས་རྒྱས་འོད་དཔག་མེད་དང་། ཆོས་བདེ་ཆེན་ཞིང་སྒྲུབ། ཞིང་ཁམས་བདེ་བ་ཅན་གསུམ་གང་འདྲ་གལ་ཆེན་པོ་ཡིན་མིན་སྐོར་དང་མ་ཟད་ཉེ་ཆར་སྐད་བསྒྱུར་བྱམས་པ་ལགས་ཀྱི་གཟའ་ཟླ་ཚེ་ལས་འདས་རྐྱེན་སོང་བས་མི་རྟག་པའི་སྐོར་བཤད་པ་ཡིན། ལར་ནི་ལུང་པ་འདིའི་མི་རྣམས་ལ་མི་རྟག་པ་དང་སྡུག་བསྔལ་སོགས་བཤད་ན་གཏན་ནས་མི་དགའ་བ་མ་ཟད་སེམས་ལ་ཞེད་དངངས་བྱེད་ཀྱི་ཡོད། བླ་མ་གྲྭ་བ་མང་པོ་ཞིག་ནས་ཀྱང་ཆོས་ཉན་མཁན་གནས་སྐབས་མ་དགའ་བའི་རྒྱུ་མཚན་ལ་བསྟེན་ནས་ཆོས་ཚད་ལྡན་བཤད་མཁན་ཧ་ལམ་དཀོན་པོ་ཡིན། ཆོས་བཤད་པའི་སྐབས་སུ་དེང་དུས་ལེགས་སྦྱར་བཤད་པ་ནང་བཞིན་གནས་སྐབས་ཆོས་ཐུན་དེ་ཡི་རིང་ལ་མི་རྣམས་ལ་གཏམ་འདྲ་ཆག་པོ་འདྲ་ཞིག་གིས་འདོད་བློ་བཀང་གི་ཡོད། ཆོས་རྣམ་པར་དག་པ་བློ་ལྡོག་རྣམ་བཞི་དང་། ལས་འབྲས། སྐྱབས་འགྲོའི་སྐོར་ལ་ཉན་བཤད་བྱེད་མཁན་ཧ་ཅང་དཀོན། ངས་ནི་གནས་སྐབས་སུ་ཆོས་ཐུན་རིང་དགའ་མིན་ལ་མ་ལྟོས་པར་མི་གཅིག་གི་རྒྱུད་ལ་ཐར་པའི་ས་བོན་གྲུང་པོ་ཞིག་འཇོག་ཐུབ་ན་བསམ་ནས་ལས་འབྲས་དང་སྐྱབས་འགྲོ་བློ་ལྡོག་རྣམ་བཞིའི་སྐོར་གལ་ཆེན་བྱེད་ནས་བཤད་ཀྱི་ཡོད། དེ་རིང་ཡང་ཁ་སང་ཉེ་བའི་ཆར་སྐད་བསྒྱུར་བྱམས་པ་ལགས་ཀྱི་གཟའ་ཟླ་ཚེ་ལས་འདས་པའི་དངོས་ཆོས་དཔེ་མཚོན་དུ་བཞག་ནས་མི་རྟག་པའི་ཁྱད་ཆོས་ཕན་ཡོན་སོགས་བཤད། མི་རྟག་པ་ནི་དང་པོ་ཆོས་ལ་འཇུག་པའི་སྒོ། བར་དུ་ཆོས་སྒྲུབ་པའི་ལྕག། ཐ་མ་ཆོས་ཀྱི་སྙིང་པོ་ཡིན་ཅེས་པོ་ཏོ་བས་གསུངས་པ་ནང་བཞིན་འགྲེལ་བཤད་བྱས་པ་ཡིན། ལར་ནི་ཆོས་ཟེར་དུས་ཉོན་མོངས་འདུལ་བྱེད་ཀྱི་གཉེན་པོ་བླ་མེད་ཞིག་ཡིན་སྟབས་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་གཉིས་ཀའི་ཁེ་ཕན་ལ་བསམ་བློ་གཏོང་དགོས། སྐྱེ་བ་ཕྱི་མ་མ་འདོད་ཀྱང་ཚེ་འདིའི་རིང་ལ་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་དངོས་སུ་མཐོང་ཆོས་སུ་མྱོང་བཞིན་པ་འདི་རེད། འདི་འདྲའི་དཀའ་ངལ་དང་སྡུག་བསྔལ་ཡོང་བའི་སྐབས་སུ་ད་ལྟ་ནས་བཟུང་སྟེ་སྐྱེ་བུ་ཆེན་པོའི་ཆོས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཡོད་ན་མཆོག། གལ་སྲིད་དེ་ལྟར་མེད་ཀྱང་སྐྱེས་བུ་ཐ་མའི་ཆོས་དཔེར་ན་འཆི་བ་མི་རྟག་པ་སོགས་ལ་ད་ལྟ་ནས་བློ་སྦྱངས་པ་ཡིན་ན་ད་གཟོད་གློ་བུར་དུ་འཆི་བ་ཐོག་ཏུ་སླེབས་པའི་སྐབས་སུ་སེམས་ལ་དངངས་སྐྲག་མེད་པར་ཏན་ཏན་ཕན་གྱི་ཡོད། ཅེས་སོགས་བཤད་ནས་དེ་རིང་གི་བདེ་ཆེན་ཞིང་སྒྲུབ་མདོར་བསྡུས་ཞིག་གཏང་ནས་མཇུག་སྒྲིལ། སྐད་བསྒྱུར་བྱམས་པ་ལགས་ཀྱི་གཟའ་ཟླ་གྲོང་བའི་སེམས་གསོའི་ཆེད་དུ་ཆོས་ཚོགས་ནས་བོད་ལུགས་ལྟར་དུ་ཤོག་ཁུག་དང་ཁ་གཏགས་མེ་ཏོག། གཞན་བཟའ་བཅའི་རིགས་སོགས་སྤྲད་སོང་བས་ཁོ་རང་ཧ་ཅང་དགའ་བོ་བྱས་སོང་། 

No comments:

Post a Comment