Sunday, December 21, 2014

རྒྱ་མཚོ་བྱིན་རླབས་བྱས་པའི་ཉིན་མོ།།

རྒྱ་མཚོ་བྱིན་རླབས་བྱེད་བཞིན་པ།
དེ་རིང་ནི་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ནང་བཞིན་རྒྱ་མཚོའི་འགྲམ་དུ་ཀླུ་གཏོར་དང་བྱིན་རླབས་བྱེད་རྒྱུ་དེ་ཡིན།  བོད་ཀྱི་གསང་སྔགས་ཀྱི་ཆོས་འདི་ནི་གང་དུ་སྦྱར་ཀྱང་འབྱར་ཆོག་ཆོག་དང་། གང་དུ་འཐེན་ཀྱང་ནུར་ཆོག་ཆོག་དཔེར་ན་འགྱིག་བྱེ་རིལ་ནང་བཞིན་ཡོད། རྫོགས་ཆེན་དང་རྩ་རླུང་ཐིག་ལེ་སོགས་ལ་རང་དབང་ཐོབ་ན་ཚེ་འདིར་འཇའ་ལུས་ཆོས་སྐུ་རུ་གཤེགས་པའི་ལམ་པོ་ཆེ་ཞིག་དང་། གལ་སྲིད་སྐྱེ་བ་ཕྱི་མ་མ་འདོད་ཀྱང་ཚེ་འདིའི་གཟུགས་པོའི་འཕྲོད་བསྟེན་དང་ཚེ་རིང་ནད་མེད་འདོད་ན་ལུས་སེམས་ཤིན་སྦྱང་གི་ཐབས་ལམ་བླ་ན་མེད་པ་སྒོམ་དང་ལུས་སྦྱོང་ཡོ་ག་སོགས་དང་། ཐ་ན་ནང་པ་ཡིན་མིན་ལ་མ་ལྟོས་པར་གོ་ལའི་གླིང་ཆེན་འདིར་སྟེང་དུ་འདུག་མཁན་ཞིག་ཡིན་ནས་བཟུང་སྟེ་ཁོར་ཡུག་སྲུང་སྐྱོབས་ནི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་བཅུའི་སོ་སོའི་ཚེ་སྲོག་གི་འགན་འཁྲི་ཞིག་ཡིན་པའི་ཆ་ནས་གསང་སྔགས་ཀྱི་ཆོས་འདིའི་ནང་ནས་རྣལ་འབྱོར་རང་ཉིད་རྟོགས་པ་མཐོན་པོ་ཅན་ཞིག་ནས་ནང་གི་མ་དག་པའི་འབྱུང་བ་བཞི་དབང་དུ་བསྒྱུར་བའི་སྟབས་ཀྱིས་ཕྱི་ཡི་འབྱུང་བ་དབང་བསྒྱུར་ཐུབ་པའི་ནུས་པ་ཡོད། དེ་ལྟར་མ་བྱུང་ནའང་མོས་པ་ལམ་བྱེད་ཀྱི་སྐབས་སུ་རྫས་དང་སྨན་སྔགས་ཏིང་འཛིན་ཟབ་མོའི་ནུས་པ་དང་ལས་སྦྱར་ཆོག་སོགས་ལ་བསྟེན་ནས་འབྱུང་བཞིའི་བྱིན་རླབས་དང་། གཏེར་བུམ་བཅའ་སྒྲུབས་བྱེད་པ། ཀླུ་གཏོར་དང་རླུང་གནོན་ཆར་འབེབས་སད་སྲུང་སོགས་ལས་ཚོགས་ཧ་ཅང་མང་པོ་ཡོད། 
ལས་ཚོགས་དེ་རྣམས་ནི་རང་བཞིན་གྱིས་ཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད། ངས་ཀྱང་བོད་པའི་བླ་གཟུགས་རང་ག་བའི་མིང་གཅིག་པུས་ཁྲིའུ་ཁར་བསྡད་ནས་ནང་ཆོས་འཆད་འཁྲིད་གཅིག་པུ་ཙམ་མ་ཡིན་པར་གོང་དུ་བཤད་པ་ལྟར་གསང་སྔགས་ཀྱི་ལས་ཚོགས་འདི་རྣམས་ལ་བསྟེན་ནས་ཆར་འབོད་དང་། ཀླུ་གཏོར། གཏེར་བུམ་བཅའ་སྒྲུབས། འབྱུང་བཞིའི་བྱིན་རླབས་སོགས་གསང་སྔགས་ཟབ་མོའི་ལས་ཚོགས་འདི་རྣམས་ལ་བསྟེན་ནས་ས་གནས་འདིར་ཕན་ཐོག་དང་གྲུབ་འབྲས་མི་དམན་ཙམ་བྱུང་། སྔ་ལོར་ས་གནས་འདིར་བྱེ་མ་ལེབ་གནས་སྡོད་བྱེད་སའི་ཤིང་སྡོང་བྱིན་རླབས་བྱས་དེ་ནས་བཟུང་སྟེ་བྱེ་མ་ལེབ་མང་པོ་འཁོར་ནས་ས་གནས་འདིའི་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་ནས་ང་ལ་གཟེངས་རྟགས་ཞིག་ཀྱང་ཐོབ་མྱོང་། ཁ་སང་ཀྱང་ངོས་ཀྱི་ཐག་ཉེར་ཡོད་པའི་རྒྱ་མཚོ་འགྲམ་དུ་ཀླུ་གཏོར་འདོན་ལ་སོང་བས་་མི་མང་ཕལ་ཆེར་བརྒྱ་ལྷག་འཛོམས་འདུག ངས་དང་པོ་ཀླུ་ཡི་རྒྱལ་པོ་ལ་མགྲོན་འབོད་ཀྱི་ཚུལ་དུ་དུང་དཀར་དེ་ཕྱོགས་བཞི་ལ་ཁ་སྐོར་བཞིན་དབུགས་སྐོར་བྱས་ནས་ཐེངས་ཁ་ཤས་བུས། དེ་ནས་སྡེ་བརྒྱད་གསེར་སྐྱེམས་དང་། ཆགས་མེད་རཱ་གས་མཛད་པའི་ཀླུ་གཏོར་མདོར་བསྡུས་ཞིག་ཀྱང་བཏོན། མཐར་སྔ་ལོར་ངོས་ནས་བྲིས་པའི་འབྱུང་བཞིའི་བྱིན་རླབས་དབྱིན་བསྒྱུར་བྱས་པ་དེ་ཉིད་ཚར་གཅིག་འདོན་བཅུགས། བསམ་ལྷུན་ནང་གི། 
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿ 
སྒྱུ་ལུས་གཡོར་པོ་འཇིག་ལ་ཐུག་པའི་ཚེཿ། 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ 
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅསཿ 
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཿ 
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ 
སོགས་ཨོ་རྒྱན་འབྱུང་བཞིའི་སྨོན་ལམ་དེ་ཉིད་ཀྱང་ཚར་ཁ་ཤས་བཏོན། མི་མང་ནས་ལག་ཏུ་མེ་ཏོག་སིལ་མ་སྣ་ཚོགས་རྒྱ་མཚོའི་ནང་དུ་མཆོད་བཅུགས་ནས་དེ་རིང་གི་མཛད་སྒོ་དེ་རེ་ཞིག་ཡོངས་སུ་གྲུབ་པར་བྱས། མི་མང་ཧ་ཅང་དགའ་བོ་བྱས་སོང་བ་མ་ཟད་ཁ་ཤས་ནས་ལག་པ་དམ་བཅངས་བྱེད་བཞིན་གདོང་ལ་གཅེར་ནས་ད་དུང་མུ་མཐུད་ནས་དེ་འདྲ་བྱེད་རོགས་ཞེས་རེ་བསྐུལ་བྱེད་མཁན་ཡང་མི་ཉུང་བ་ཞིག་འདུག། 

No comments:

Post a Comment