Monday, December 29, 2014

འདི་ལོའི་བདེ་ཆེན་ཞིང་སྒྲུབས་ཉིན་ཐ་མ།

དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས།། 
དེ་རིང་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན། ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་ངོས་ཀྱི་ཆོས་ཚོགས་དེ་མི་རྣམས་ཀྱིས་ཡོངས་སུ་ཁེངས་སོང་། 
དེ་རིང་ནི་༢༠༡༤ ལོའི་གཟའ་ཟླ་བའི་འཆར་ཅན་ལྟར་དུ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ་དེ་ཡིན། དགེ་ཕྲུག་ཡོངས་ལ་ལོ་གསར་འཚམས་འདྲི་དང་སྦྲག་དེ་རིང་གི་ཆོས་ཐུན་དབུ་འཛུགས་བྱས། དེ་རིང་གི་ཆོས་བཤད་སྙིང་པོ་རུ་མི་ཡི་ལུས་རྟེན་འདི་རྙེད་པའི་དོན་གོ་རུ་ལྟོ་གོས་སོགས་ཚེ་འདིའི་ཆེད་དུ་ཙམ་མ་ཡིན་པར་མི་ཡི་བཟང་སྤྱོད་དང་འབྲེལ་བའི་སེམས་ཡར་རྒྱས་གཏོང་སྟངས་སྐོར་བཤད། སེམས་ཡར་རྒྱས་གཏོང་སྟངས་ཐབས་ལམ་ཡག་ཤོས་ནི་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་ནས་དཔེར་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ལག་ལེན་ཏུ་ཁེལ་བར་བྱེད་དགོས། དེ་འདྲ་བྱས་ནས་ཉམས་ལེན་བྱས་ན་ནམ་ཞིག་རང་རྒྱུད་ལ་ཆོས་ཞེས་པའི་དོན་དེ་ཉིད་མངོན་དུ་འགྱུར་ཐུབ། ཆོས་ཞེས་པའི་ཚིག་འདིར་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད། དེ་ནི་བཅོས་བསྒྱུར་གཏང་བ་ཞིག་ལ་གོ་དགོས། བཅོས་བསྒྱུར་གཏང་ཟེར་དུས་ཕྱི་ལུས་ཀྱི་རྣམ་འགྱུར་འདྲ་ཆགས་པོས་ཡོངས་ཐབས་མེད། བཅོས་བསྒྱུར་གཏང་ཞེས་པའི་དོན་དེ་ཉིད་ཀྱང་སེམས་བཅོས་བསྒྱུར་གཏང་བ་ལ་གོ་དགོས། མདོ་ལས། 
སྡིག་པ་ཅི་ཡང་མི་བྱ་ཞིང་།། 
དགེ་བ་ཕུན་སུམ་ཚོགས་པར་སྤྱད།། 
རང་གི་སེམས་ནི་ཡོངས་སུ་འདུལ།། 
འདི་ནི་སངས་རྒྱས་བསྟན་པ་ཡིན།། 
ཅེས་གསུངས་ཡོད། ལུས་འདྲ་ཆག་པོ་བྱས་ནས་བཅོས་བསྒྱུར་གཏང་ན་སངས་རྒྱས་བསྟན་པ་ཡིན་གསུངས་མི་འདུག ངག་གིས་སྙན་པོ་སྨྲ་ཤེས་པ་ཙམ་གྱིས་ཀྱང་སངས་རྒྱས་བསྟན་པ་ཡིན་མ་གསུངས།
དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། 

བསྙེངས་དང་བྲལ་བ་མང་དུ་གསོལ་ཅི་འཚལ།།
ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ།།
ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས།།
སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས།།
ཞེས་གསུངས་པ་ལྟར་ཆོས་ཞེས་པའི་དོན་འདི་རང་གི་རྒྱུད་ཉོན་མོངས་དུག་གསུམ་བཅོས་བསྒྱུར་གཏང་ནས་སེམས་ཀྱི་ཐོག་ནས་བདེ་བ་ཁྱད་པར་ཅན་རྙེད་པ་ལས་ཐབས་ཤེས་གཞན་གང་ཡང་མེད། སེམས་ཀྱི་ཞི་བདེ་ནི་ཁྲོམ་ནས་ཉོ་རྒྱུ་མེད། སེམས་ཀྱི་ཞི་བདེ་ནི་གྲོགས་པོ་གྲོགས་མོས་ཀྱང་སྤྲད་ཐབས་མེད། སེམས་ཀྱི་ཞི་བདེ་ངོ་མ་ནི་སེམས་མ་དུལ་བ་དེ་ཉིད་བཏུལ་ནས་རང་གི་སེམས་ནང་ནས་རྙེད་པའི་ཐབས་ཤེས་བྱེད་དགོས།། 
ཅེས་སོགས་ཆོས་བཤད་མདོར་བསྡུས་གྲུབ་ནས་བདེ་ཆེན་ཞིང་སྒྲུབས་མདོར་བསྡུས་ཞིག་གིས་དེ་རིང་གི་ཆོས་ཐུན་དེ་གྲུབ་པར་བྱས། མི་མང་ཧ་ཅང་དགའ་བོ་བྱུང་སོང་། ངས་ཀྱང་སང་ཉིན་ཡོང་ལ་ཉེ་བའི་ཕྱི་ལུགས་ཀྱི་ལོ་གསར་ཆེད་དུ་མི་མང་ལ་བཀྲ་ཤིས་བདེ་ལེགས་མཚོན་བྱེད་ཁ་གཏགས་རེ་བཀོན་ནས་པར་ལེན་པ་སོགས་བྱས་ནས་དེ་རིང་གི་ཆོས་ཀྱི་བྱེད་སྒོ་རྣམས་རེ་ཞིག་མཇུག་ཡོངས་སུ་གྲུབ་པར་བྱས། 

No comments:

Post a Comment