Sunday, June 21, 2015

བྷོ་སི་ཊོན་ལ་ཉིན་གསུམ་རིང་སོང་བའི་སྐོར།


བཙོན་ཁང་གི་ཕྱི་ལོགས་ཟུར་དབྱིབས་ཞིག། 
ཉིན་ཤས་གོང་ནས་བཟུང་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་གི་ཆོས་ཕྱོགས་ཀྱི་བགྱི་བྱ་རྣམས་ལེགས་གྲུབ་འོག་མངའ་སྡེ་བྷོ་སི་ཊོན་ལ་ཡོང་། རེས་གཟའ་པ་སང་སྤྱི་ཚེས་བཅུ་དགུའི་ཉིན་ངོས་ཀྱི་དགེ་ཕྲུག་ཀརྨ་ཤེས་རབ་ནས་གོ་སྒྲིག་བྱས་པ་ལྟར་ཁོ་རང་ཡེ་ཤུའི་ལྷ་ཁང་ནང་དུ་བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། སྔ་ནས་དུས་ཆད་བྱས་པ་ལྟར་སྤྱི་ཚེས་ཉི་ཤུ་རེས་གཟའ་སྤེན་པའི་ཉིན་བྷོ་སི་ཊོན་བཙོན་ཁང་ཞིག་ནང་དུ་ཞོགས་པ་སྔ་བོ་ནས་སོང་། ས་གནས་འདིར་སྡོམས་པས་བཙོན་པ་མི་གྲངས་དྲུག་བརྒྱ་མ་ཟིན་ཙམ་ཡོད་སྐད་འདུག། ཡིན་ནའང་ནག་ཉེས་མི་འདྲ་བའི་སྟབས་ཀྱིས་སྡེ་ཚན་མི་འདྲ་བ་རེད་འདུག། ང་ཐུག་འཕྲད་བྱེད་ས་ནི་ནང་པའི་བཙོན་པ་རེད། བཙོན་པ་མི་གྲངས་དགུ་ཙམ་དང་མཉམ་དུ་ཞོགས་པ་བདེ་ཆེན་ཞིང་སྒྲུབ་དང་། ཉིན་རྒྱབ་ཆོས་བཤད་དང་སྒོམས་སོགས་བྱས་ཉིན་གང་དེར་བསྡད་པས་ཁོ་རང་ཚོ་ཧ་ཅང་དགའ་བོ་བྱུང་སོང་། བཙོན་ཁང་འདིས་ནང་ལོ་ལྔ་ཡི་ཡར་སྔོན་ནས་བཟུང་ད་བར་ཕལ་ཆེར་ལོ་ལྟར་ཐུག་འཕྲད་ཞོར་དུ་ཆོས་བཤད་སོགས་བྱེད་ཀྱི་ཡོད། བཙོན་ཁང་འདི་ཡི་ནང་དུ་ཡོད་པའི་བཙོན་པ་རྣམས་ནི་ཁྲིམས་འགལ་གྱི་ལས་ནི་ཕྲུག་གུ་ལོ་ཆུང་རྣམས་ལ་ཚུལ་མིན་གྱིས་བཙན་གཡེམས་བྱས་པའི་ནག་ཉེས་ཀྱིས་ཕལ་ཆེར་ལོ་ཉི་ཤུ་དང་སུམ་བཅུ་བར་རེད་འདུག ལོ་ཆེ་ཤོས་ཀྱི་མི་གཉིས་ཡོད་པ་དེ་ནི་ཚེ་བཙོན་རེད་འདུག སེམས་ཧ་ཅང་སྐྱོ་དགོས་པ་ཞིག་ལ་ཕལ་ཆེར་ནི་ཕོ་གསར་དང་དར་མ་ཤ་སྟག་རེད་འདུག བཙོན་ཁང་ནང་དུ་ཁྲིམས་དམ་པ་ལ་ཚད་ཞིག་མི་འདུག་ཉི་མ་གཅིག་རིང་ཐེངས་གཉིས་རེའི་ལུས་གཤེར་དང་ཐ་ན་ཆབ་ཁང་ནང་དུ་འགྲོ་བའི་སྐབས་སུ་ཡིན་ནའང་བཙོན་སྲུང་རྣམས་ཀྱིས་རྗེས་འདེད་བྱེད་ཀྱི་འདུག ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་བཙོན་པ་རྣམས་དང་ལྷན་ཉིན་གུང་ཟ་མ་ལ་མཉམ་རོལ་བྱས། ཟ་མ་ཧ་ཅང་སྐྱོ་བོ་རེད་འདུག་ཟུར་དུ་ཡོད་པའི་བཙོན་པ་ཞིག་ནས་ཟ་མ་ལ་གཅེར་བཞིན་ངུ་སྐད་དང་སྦྲག་ནས་འདི་ལྟར་ཟེར། ང་ནི་ཤ་སྲེག་མ་ཟ་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ཤ་སྲེག་མ་ཁ་ལ་མ་རག་ནས་མི་ལོ་ཉི་ཤུ་ཏག་ཏག་འགྲོ་སོང་ཟེར། ང་ནི་མིག་ནས་མཆི་མ་ཤོར་གྲབ་བྱས་སོང་བས་ཟ་མ་བཟའ་མཚམས་བཞག་ནས་ཆབ་ཁང་ནང་དུ་འཛུལ་ནས་བཙོན་པ་འདི་རྣམས་ལ་སྙིང་རྗེ་ནས་ཐེངས་མ་གཅིག་ངུས་ཞིང་མར་ཡོང་ནས་གཞི་ནས་ཟ་མ་ཟོས་པ་ཡིན། སྟབས་ལེགས་པ་ཞིག་ལ་ལོ་གཉིས་ཡར་སྔོན་ནས་ཡོད་པའི་ངོས་ཀྱི་དགེ་ཕྲུག་བཙོན་པ་འགའ་བཙོན་ཁང་ལོ་ཚད་རྫོགས་ནས་བཙོན་གྲོལ་ཐོབ་འདུག དེ་རིང་ཡང་སྐྱར་ཨ་རིའི་ཉིའུ་ཡོག་ནས་ཡིན་པའི་བཙོན་པ་ཕོ་གསར་ཞིག་ནས་སྐྱབས་འགྲོའི་སྡོམ་པ་ཞུས་སོང་བས་ཆོས་མིང་ལ་ཀརྨ་དཔལ་བཟང་ཞེས་བཏགས། ཡ་མཚན་དགོས་པ་ཞིག་ལ་བཙོན་པ་རྙིང་པ་གཉིས་ཀྱིས་གནམ་ཆོས་འོད་ཆོག་འདི་ཕལ་ཆེར་བོད་སྐད་སྒྲ་གདངས་ཐོག་ནས་བློ་ལ་འདོན་འགྲོ་གི་འདུག སྤྱོད་འཇུག་ལས། སྡུག་བསྔལ་མེད་པས་ངེས་འབྱུང་མེད།། ཅེས་པའི་ཚིག་དུམ་འདི་དེ་རིང་ཡང་སྐྱར་སེམས་ལ་འཁོར་བཅུགས་སོང་། ཆུ་ཚོད་བཞི་པའི་སྐབས་སུ་ང་དང་ངོས་ཀྱི་དགེ་ཕྲུག་ཀརྨ་ཤེས་རབ་གཉིས་འགྲོ་གྲབ་བྱས་དུས་བཙོན་པ་ཚང་མ་སྒོ་ཁར་དོན་ནས་ལག་འཇུ་དང་ཐལ་སྦྱར་འཐམ་འཁྱུད་སོགས་བྱེད་ཀྱི་འདུག་པ་མ་ཟད་མང་པོ་ཞིག་ངུས་སོང་། ངེད་གཉིས་ཀྱང་མིག་ཆུ་ཤོར་གྲབ་བྱེད་བཞིན་གནས་སྐབས་སྙིང་ནས་བརྩེ་བའི་བཙོན་པ་རྣམས་དང་མི་འདོད་བཞིན་དུ་གྱེས་བྲལ་བྱེད་དགོས་བྱུང་། རླངས་འཁོར་ནང་ནས་བཙོན་པ་རྣམས་ཀྱི་གནས་སྟངས་སྡུག་གཏམ་བྱེད་བཞིན་བོད་རིགས་ཨ་མ་ཡེ་ཤེས་དང་དཀོན་མཆོག་གཉིས་ནང་དུ་འབྱོར། ཨ་མ་ཡེ་ཤེས་དང་དཀོན་མཆོག་ལགས་གཉིས་ནི་ཨ་རི་ལ་བོད་པ་ཐོག་མ་དེ་རེད་ཅེས་བཤད་ཀྱང་ཕལ་ཆེར་མི་ཆོག་རྒྱུ་མེད་སྙམ། ལོ་བཞིའི་ཡར་སྔོན་ཨ་མ་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཞིག་འདས་གྲོངས་སུ་སོང་ནས་སྐབས་དེ་དུས་ངས་བོད་ལུགས་ལྟར་འཕོ་འདེབས་དང་། དུར་སྐྱལ། ཞེ་དགུ་འདོན་རྒྱུ་སོགས་ཚང་མ་བྱས་པས་དེ་ནས་བཟུང་སྟེ་ང་ཚོ་ཕན་ཚུན་མི་ཚང་གཅིག་ནང་བཞིན་ཧ་ཅང་འབྲེལ་བ་ཡག་པོ་བྱུང་། སང་ཉིན་ཡང་སྐྱར་ཉིའུ་ཡོག་ལ་འགྲོ་དགོས་ཡོད་པས་དོ་ནུབ་ཨ་མ་ཡེ་ཤེས་ནང་དུ་མོ་རང་གི་འདོད་པ་ལྟར་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཚོགས་བསྡུས་ཞིག་བཏོན་ནས་ཁོང་ཚོའི་ནང་མི་སྤུན་མཆེད་འགའ་དང་ལྷན་དགོང་ཟས་ལ་མཉམ་རོལ་དང་ཕན་ཚུན་སྐྱིད་སྡུག་གི་ཁ་བརྡ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། 
བྲེལ་ཟིང་ངང་དེ་རིང་གི་ཉིན་ཐོ་དེ་མ་ཆད་ཙམ་བཏབས་ཡོད་པས་ཡིག་ནོར་ཡོད་ན་དགོངས་ཡངས་ཞུ།། 

Tuesday, June 16, 2015

འབྲུག་དང་རྒྱ་ནག་གཉིས་ཀྱི་རྐང་རྩེད་པོ་ལོའི་འགྲན་བསྡུར་ལ་ལྟས་པའི་ཚོར་སྣང་།

འབྲུག་གི་རྐང་རྩེད་པོ་ལོའི་ཐང་ཆེན་གྱི་ཟུར་ཞིག
ཁ་སང་དེ་རིང་ཚ་གྲང་ཁོད་མི་སྙོམས་པའི་ཉིའུ་ཡོག་གི་གནམ་གཤིས་དེས་རྐྱེན་བྱས་ནས་གཟུགས་པོར་ཉིན་ཤས་གོང་ནས་ཚ་གྲང་འཐབ་ཅིང་ཅུང་མ་བདེ་བ་བྱུང་བས་ཉིའུ་རྗེར་སེའི་ཉིན་གཉིས་ཆོས་ཁྲིད་དེ་གནས་སྐབས་ཕྱི་འཐེན་བྱས་ནས་ཡུན་རིང་མ་ཐུག་པའི་ངོས་ཀྱི་ཚ་བོའི་ནང་དུ་ཉིན་གསུམ་རིང་ལྷོད་དལ་བྱས་ནས་ནང་དུ་བསྡད། དེ་རིང་ནི་འབྲུག་དང་རྒྱ་ནག་གཉིས་ཀྱི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་འབྲུག་གི་རྒྱལ་ས་ཐིམ་བུ་རུ་གྲ་བསྒྲིག་བྱས་འདུག་སྟབས་ངས་ཀྱང་དྲྭ་ཐོག་ནས་ལྟད་མོ་དེར་ཞིབ་ལྟ་ཞིག་བྱས། རྩེད་མོའི་རྒྱལ་ཕམ་གྱི་ཨང་ཀི་གྲངས་ཀ་དང་། མི་ཡི་རྩེད་རྩལ་སོགས་ལ་བལྟས་ན་འབྲུག་རྒྱལ་གོང་མ་རྣམས་ཀྱིས་འཛམ་གླིང་དེང་དུས་ཀྱི་ཚན་རྩལ་རྣམས་ལ་མཐའ་གཅིག་ཏུ་ལྟས་ངན་བཅོ་བརྒྱད་དུ་རྩིས་ནས་འབྲུག་ལ་རྒྱལ་སྲུང་མཐའ་འགོགས་ཞེས་པའི་ལས་འགུལ་གྱིས་ནུབ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མི་རིགས་སོགས་ལ་འགོས་ནད་ཅན་ལ་འཛེམས་པ་ནང་བཞིན་མགོ་བོ་བཏུམས་ནས་བསྡད་པའི་འཇུག་འབྲས་ཞིག་དེ་རིང་རྐང་རྩེད་པོ་ལོའི་ཐང་ཆེན་དུ་ངོམ་སོང་། མཐའ་མའི་མཇུག་འབྲས་ཀྱི་རྩེད་མོ་རུ་རྒྱ་ནག་གིས་པོ་ལོ་དྲུག་ཐམ་པ་བླུགས་ཀྱང་འབྲུག་པས་གཅིག་ཀྱང་བླུགས་མ་ཐུབ་པས་གྲངས་ཀའི་ཁྱད་པར་ལ་དྲྭ་ཐོག་ཀྱི་མི་མང་པོ་ཞིག་ནས་ཧ་ལས་ཧོན་འཐོར་ནས་ཡི་གེ་འབྲི་བ་དང་མཆན་འདེབས་པ་སོགས་བྱེད་བཞིན་འདུག ང་ནི་རྩེད་མོའི་ཐོབ་ཤོར་དེ་ལ་ཧ་ལས་མ་སོང་། གང་ལ་ཧ་ལས་སོང་ཟེར་ན་པོ་ལོའི་ཐང་ཆེན་གྱི་རྭ་སྐོར་གྱི་ཁྱབ་སྒྲག་ཡོངས་རྫོགས་རྒྱ་ཡིག་ལས་བོད་ཡིག་གམ་རྫོང་ཁའི་ཡི་གེ་འབྲུག་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ཡིན། ངས་འདིར་དྲྭ་གྲོགས་རྣམས་ལ་དྲི་བ་ཁ་ཤས་ཞིག་ཡོད། ༡ ངོ་མ་བྱས་ན་རྩེད་མོ་རྩེ་ཡུལ་དེ་འབྲུག་གི་རྒྱལ་ས་ཐིམ་བུ་ཡིན་སྟབས་བོད་ཡིག་གམ་རྫོང་ཁའི་ཡི་གེ་བེད་སྤྱོད་གཏོང་དགོས་ན་ག་རེ་བྱས་ནས་མ་གཏང་བ་རེད། ༢ ཡང་ན་འབྲུག་པས་རྒྱ་ཡིག་ཤེས་ཀྱི་ཡོད་རེད་དམ། ༣ གལ་སྲིད་བོད་ཡིག་གམ་རྫོང་ཁའི་ཡི་གེ་བེད་སྤྱོད་མ་གཏང་ཡང་འཛམ་གླིང་སྤྱི་ལ་ཁྱབ་པའི་དབྱིན་ཡིག་ག་རེ་བྱས་ནས་བེད་སྤྱོད་མ་གཏང་བ་རེད། ༤ ཡང་ན་འབྲུག་ལ་སྦྱར་བྱང་དེ་རྣམས་པར་སྐྲུན་བྱེད་ཐུབ་པའི་དེང་དུས་ཀྱི་འཕྲུལ་ཆས་རྣམས་མེད་རེད་དམ་ཡང་ན་གཞན་ཞིག་རེད། ངས་གོ་ཚུལ་ཞིག་ལ་ལོ་འགའི་ཡར་སྔོན་ཆེས་སྙན་གྲགས་ཅན་གྱི་རྐང་རྩེད་པོ་ལོ་ཞིག་ར་ཤི་ཡ་ལ་རྩེད་པའི་སྐབས་སུ་ར་ཤི་ཡ་ནས་ཕྱི་རྒྱལ་སུ་གང་གི་ཡིག་རིགས་བེད་སྤྱོད་མ་གཏང་ནས་ར་ཤི་ཡའི་ཁོ་རང་ཚོའི་ཡི་གེ་བེད་སྤྱོད་གཏོང་དགོས་པའི་རེ་སྐུལ་ལྟར་ར་ཤི་ཡའི་ཡི་གེ་བེད་སྤྱོད་གཏང་བ་གོ་བྱུང་། དེ་གལ་སྲིད་བདེན་པ་ཡིན་ན་འབྲུག་པས་ག་རེ་བྱས་ནས་རང་གི་ཡི་གེ་བེད་སྤྱོད་མ་གཏང་བ་རེད། དེ་རིང་གི་ལྟད་མོ་དེར་བལྟ་བའི་སྐབས་སུ་ངས་མཐའ་སྡོམ་ཚོར་སྣང་འདི་འདྲ་ཞིག་སླེབས་སོང་། རྒྱ་ནག་རྩེད་རིག་པ་རྣམས་ཀྱིས་གཅིག་ནས་དྲུག་བར་རེ་རེ་བཞིན་བླུགས་པའི་སྐབས་སུ་བཟང་སྤྱོད་ཡིན་མདོག་གིས་པོ་ལོ་བླུགས་མཁན་རྣམས་ཀྱིས་ནམ་རྒྱུན་ལྟར་འཐམ་འཁྱུད་དང་རྒྱུགས་ཤར། བལྟ་མཁན་རྣམས་ཀྱིས་ཀི་སྒྲ་དང་ཐལ་རྡེབ་སོགས་ཆེས་ཉུང་བ་འདི་དང་། རྩེད་རྭའི་ནང་ལོགས་ཡོངས་རྫོགས་རྒྱ་ཡིག་གིས་ཁེངས་སྟངས་འདིར་ཞིབ་འདིང་ཞིག་རྒྱབ་ན་ད་ལྟའི་རྩེད་མོའི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གཞུང་གི་རྟིང་དཔོག་དཀའ་བའི་སྲིད་དོན་ནག་པོ་དེ་ལྷ་ལུང་ནང་དུ་འདྲེ་ལག་ནང་བཞིན་འབྲུག་ལའང་བརྐྱངས་ཚར་འདུག་བསམ།

Monday, June 8, 2015

མངའ་སྡེ་ཀན་སེའུ་སི་ལ་སླེབས་པའི་ཚོར་སྣང་།


ཉེ་བའི་ཆར་བདུན་ཕྲག་གཅིག་རིང་ཀན་སེའུ་སེའི་མངའ་སྡེའི་ནང་དུ་བདུན་ཕྲག་གཅིག་རིང་ངོས་ཀྱི་དགེ་ཕྲུག་ཞིག་གིས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་འདི་ཟླའི་སྤྱི་ཚེས་གཉིས་རེས་གཟའ་མིག་དམར་ཉིན་བདེ་འབྱོར་བྱུང་། ཁ་སང་ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བདེན་པ་བཞིའི་གཙོས་ནང་ཆོས་ངོ་སྤྲོད་བྱས། ང་མངའ་སྡེ་འདིར་སླེབས་པ་ཐེངས་མ་གཉིས་པ་ཡིན། མངའ་སྡེ་འདི་ནི་ཨ་རིའི་མངའ་སྡེ་རྣམས་ཀྱི་ནང་ནས་ཕལ་ཆེར་མི་གྲངས་ཉུང་ཞིང་དཔལ་འབྱོར་སྐྱོ་ཤོས་ཡིན་ཚོད་འདུག གང་ལྟར་ལུང་པ་འདིར་སླེབས་པའི་སྐབས་སུ་ང་ནི་རྒྱ་གར་ལ་སླེབས་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ན་ད་ལྟའི་དུས་ཚོད་ལ་ཧ་ཅང་ཚ་བ་ཆེན་པོ་རེད་འདུག ཁང་མིག་རེའི་ནང་དུ་གྲང་གློག་རེ་མེད་ན་འདུག་བཟོད་མེད། སང་ཉིན་ནས་བཟུང་སྟེ་སྔ་ལོར་ངོ་ཤེས་བྱུང་བའི་བོད་པའི་མི་ཚང་ཞིག་འདུག་པས་དེར་ཉིན་གཅིག་རིང་ཕུར་པའི་ཚོགས་མཆོད་དང་ཞབས་བརྟེན་བྱེད་དགོས་ཡོད། ལུང་པ་འདིར་གནམ་གཤིས་དྲོ་གྲང་མི་སྙོམས་པ་མ་ཟད་རླུང་འཚུབ་དང་ཆུ་ལོག་གི་གནོད་སྐྱོན་ཧ་ཅང་ཆེ། མངའ་སྡེ་འདིར་ཁང་པ་ཧ་ཅང་གོང་ཚད་ཆུང་བ་མ་ཟད་ཐ་ན་ཟས་རིན་དང་མགྲོན་ཁང་གླ་ཆ་སོགས་ཀྱང་ཧ་ཅང་རིན་གོང་དམའ་བོ་རེད་འདུག མངའ་སྡེ་འདི་ནི་ཨ་རིའི་རྒྱལ་ཁབ་དཀྱིལ་མ་ཞིག་ཏུ་ཡོད། མི་རྣམས་སོ་སོའི་ཆོས་ལུགས་དད་འདུན་ཧ་ཅང་ཆེ། ནང་ཆོས་ཀྱི་ཆོས་ཚོགས་འགའ་ཤས་ཡོད་པའི་ནང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཚོགས་ཀྱང་ཁ་ཤས་ཞིག་ཡོད་ཚོད་སྣང་། གང་ལྟར་ལུང་པ་ཁུག་ཀྱོག་ཡིན་པའི་སྐུ་དྲིན་གྱིས་ཕལ་ཆེར་མི་རྣམས་ལ་རང་བཞིན་གྱིས་གཉོམ་ཆུང་ཞིང་གདོང་ལ་བཅོས་མིན་གྱི་འཛུམས་མདངས་མཐོང་རྒྱུ་འདུག བདུན་ཕྲག་འདིའི་རིང་ཧ་ཅང་སྐྱིད་པོ་བྱུང་ངོས་ཀྱི་ཆོས་གྲོགས་དང་བོད་པའི་ཁྱིམ་ཚང་བླ་མ་ཀུན་བཟང་སོགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སང་ཉིན་ཉིའུ་ཡོག་ལ་འགྲོ་དགོས་ཡོད་། གནང་ཉིན་ནས་བཟུང་སྟེ་ཉིའུ་ཡོག་དགེ་ཕྲུག་ཀརྨ་ཆོས་སྒྲོན་ནས་གོ་སྒྲིག་བྱས་པ་ནང་བཞིན་ལྷོ་ཨ་མི་རི་ཀའི་མི་རིགས་རྣམས་ལ་ཕར་ཕྱིན་དྲུག་དང་། བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་བྱེད་དགོས། སྤྱི་ཚེས་བཅུ་གསུམ་ཉིན་དགེ་ཕྲུག་ཀརྨ་རྡོ་རྗེས་གོ་སྒྲིག་འོག་ཉིའུ་རྗེར་ཆོས་ཚོགས་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་དགོས། སྤྱི་ཚེས་བཅུ་དགུ་ནས་ཉེར་གཅིག་བར་བྷོ་སི་ཊོན་དགེ་ཕྲུག་ཀརྨ་ཤེས་རབ་གོ་སྒྲིག་འོག་བཙོན་པ་རྣམས་ལ་ཆོས་བཤད་ནས་ཉེར་གཅིག་ཉིན་རྒྱབ་ཉིའུ་ཡོག་ལ་འབྱོར། དེ་ནས་ཉིན་ཤས་རིང་ངལ་གསོ་དང་ས་གནས་ཉིའུ་ཡོག་སྤུན་མཆེད་རྣམས་དང་ཐུག་འཕྲད་ཀྱིས་སྤྱི་ཚེས་ཉེར་བརྒྱད་ཉིན་ཀི་ལི་ཧྥོ་ལ་ཡོང་དགོས་ཡོད། 

Wednesday, June 3, 2015

ཆོས་ཚོགས་གསར་པར་རབ་གནས་བྱས་པའི་ཉིན་མོ།

ཆོས་ཚོགས་རབ་གནས་བྱེད་བཞིན་པ།
ཁ་སང་གི་ཉིན་མོ་འདི་ནི་གཟའ་ཉི་མར་གཟའ་སྐར་སོགས་འཕྲོད་སྦྱོར་དགེ་བའི་ཉིན་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་གསར་པར་རབ་གནས་བྱས། ཞོགས་པར་དགེ་ཕྲུག་འགའ་དང་ལྷན་ཆོས་ཚོགས་ཕྱི་ལོགས་སུ་དར་ཆེན་སྒྲེང་འཛུགས་དང་རླུང་རྟ་འདོགས་པ་སོགས་བྱས་ནས་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་མི་མང་ལ་འཚམས་འདྲིའི་ཕེབས་བསུ་དང་སྦྲག་ས་གཞི་དང་ཁང་པ་གནས་ཀྱི་བདག་པོ་ལྷ་སྲིན་སྡེ་བརྒྱད་སོགས་ལ་འཕྲིན་བཅོལ་དང་སྡེ་བརྒྱད་གསེར་སྐྱེམས་གཏངས། དེ་ནས་འགོ་བའི་ལྷ་ལྔར་གཙོས་ཁང་པ་ཕྱི་ནང་ཡོངས་ལ་ཁྲུས་གསོལ་དང་རབ་གནས་བརྟེན་བཞུགས་སོགས་གང་ལེགས་བྱས། ངོས་ཀྱི་དགེ་ཕྲུག་གསར་རྙིང་གཉིས་གཙོས་མི་གྲངས་བརྒྱད་བཅུ་ཙམ་ཞིག་ཡོད་སྐད་འདུག དེ་རིང་ནི་ནམ་མཁར་ཉི་འོད་ཀྱི་དྲོ་སྐྱིད་སྟེར་ཞིང་ས་གཞིར་བཀྲ་ཤིས་ཀྱི་མེ་ཏོག་བཞད་ནས་མི་རྣམས་ངོས་ཀྱི་ཆོས་ཚོགས་ལ་ལྟད་མོར་འཚང་ཁ་ཤིག་ཤིག་རེད་འདུག ངོས་ཀྱི་རིང་ནས་འདྲིས་པའི་གྲོགས་པོ་མེའུ་ཀོ་ནས་མཛུབ་གནོན་སྒྲ་བརྙན་དང་མཉམ་དུ་ངས་ཀྱང་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པས་མི་རྣམས་དགའ་སྤྲོའི་ཐལ་སྒྲ་རྒྱུན་ཆད་མི་འདུག ཉི་རའི་ནང་དུ་ཟ་འཐུང་ལ་ལོངས་སྤྱོད་བཞིན་ཕན་ཚུན་ངོ་ཤེས་དང་གྲོགས་པོ་གྲོགས་མོ་སོགས་མཉམ་དུ་ཁ་བརྡ་བྱེད་བཞིན་དེ་རིང་གི་སྐྱིད་པའི་ཉི་མ་དགེ་གྲོགས་རྣམས་དང་ལྷན་ཡོངས་སུ་གཏངས། ཆུ་ཚོད་བཞི་པའི་སྐབས་སུ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེའི་ཌེའི་ནས་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་དང་སྦྲག་ཕེབས་རྫོངས་བྱས། 

དེ་རིང་བཀྲ་ཤིས་གནམ་ལ་གཟའ་སྐར་བཟང་།། 
དེ་རིང་བཀྲ་ཤིས་ས་ལ་དུས་སྟོན་བཟང་།། 
དེ་རིང་བཀྲ་ཤིས་དུས་ཆེན་སུམ་འཛོམས་ཉིན།། 
དེ་རིང་བཀྲ་ཤིས་ཆོས་ཚོགས་རབ་གནས་བྱས།། 

ལྷ་རྣམས་མཁའ་ནས་མེ་ཏོག་ཆར་ཆེན་འབེབས།། 
ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་། 
བར་དུ་སྐྱེ་དགུ་ཐམས་ཅད་བདེ་དང་ལྡན།། 
མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག།