Monday, December 21, 2015

རྒྱ་མཚོ་བྱིན་རླབས་བྱས་པའི་ཉིན་མོ།


དེ་རིང་ནི་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་ཐག་ཉེར་ཡོད་པའི་རྒྱ་མཚོ་བྱིན་རླབས་བྱེད་རྒྱུ་དེ་ཡིན། དེ་རིང་ནི་བོད་ལུགས་ནག་རྩིས་ལྟར་དུ་དགུན་ཉི་ལྡོག་པའི་ཉིན་མོ་དེ་ཡིན་པས་ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་དགེ་ཕྲུག་པདྨ་སྒྲོལ་མ་དང་ལྷན་མཆོད་ཆས་དང་མཁོ་བའི་ཡོ་བྱད་རྣམས་ཁུར་ནས་མཚོ་འགྲམ་ལ་སོང་། དེ་རིང་གི་གནམ་གཤིས་ནི་སྔར་དང་མི་འདྲ་བ་ཆར་ཟིམ་ཟིམ་འབབས་བཞིན་འདུག མཚོ་འགྲམ་ལ་འབྱོར་མ་ཐག་ཆར་པ་ཇེ་ཆེར་བབས་སོང་འོན་ཀྱང་གནམ་གཤིས་སྡུག་ཚོད་མི་མང་པོ་འབྱོར་འདུག མ་ཟད་ས་གནས་འདིའི་གསར་འགོད་པ་དང་གློག་བརྙན་པར་ལེན་མཁན་རྣམས་ཀྱང་འབྱོར་འདུག་སྟབས་པར་ལེན་པ་དང་གློག་བརྙན་རྒྱག་པ་སོགས་བྲེལ་ཟིང་ཚུབས་སེ་རེད་འདུག ངས་ནི་བཀྲ་ཤིས་བརྒྱད་པས་སྣ་དྲངས་ནས་དང་པོ་སྡེ་བརྒྱད་གསེར་སྐྱེམས་དང་ཀླུ་གཏོར་བཅས་བཏོན། མཐར་ཁོ་བོས་བྲིས་པའི་རྒྱ་མཚོ་བྱིན་རླབས་ཤོག་ལྷེ་གཉིས་ཅན་དེ་མི་མང་དང་མཉམ་དུ་དབྱིན་སྐད་ཐོག་འདོན་བཅུགས་ནས་ཨོ་རྒྱན་བསམ་ལྷུན་ནང་། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་སོགས་ཀྱི་ཨོ་རྒྱན་འབྱུང་བཞིའི་དབང་རྒྱལ་ལ་འདོད་གསོལ་སྨོན་ལམ་སོགས་ཀྱང་གང་དྲག་བྱས། དེ་ནས་མི་མང་རྣམས་ལ་མེ་ཏོག་སིལ་མ་ཆུ་ནང་དུ་གཡུག་བཅུགས་ནས་བཀྲ་ཤིས་པའི་ཚིག་བཅད་རྣམས་ཀྱིས་དེ་རིང་གི་རྒྱ་མཚོ་བྱིན་རླབས་དེ་རེ་ཞིག་གྲུབ་པར་བྱས། ཟུར་དུ་ས་གནས་འདིའི་གཟུགས་མཐོང་བརྙན་པར་ལེན་མཁན་རྣམས་དང་། གསར་འགོད་པ་སོགས་ཀྱི་སོ་སོའི་འདོད་པའི་དྲི་བ་རྣམས་རེ་ཞིག་ལན་གྱིས་བཀང་བར་བྱས་ནས་ཆོས་ཚོགས་སུ་འབྱོར་ནས་དེ་རིང་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱང་ཡིན་པས་དཔོན་སློབ་འགའ་དང་ལྷན་ཞིང་སྒྲུབ་མ་ཆད་ཙམ་ཞིག་བྱས། པོར་ལེན་ནས་ངོས་ཀྱི་ཆོས་གྲོགས་གཉའ་ནང་བ་ཤེས་རབ་སྐལ་ལྡན་ལགས་ཀྱང་ཕེབས་སོང་། 

Thursday, December 10, 2015

མ་ལེ་ཤར་འགྲུལ་བཞུད་བྱས་པ།


དེ་རིང་ནི་མ་ལེ་ཤའི་འགྲུལ་བཞུད་ཉིན་ཐ་མ་དེ་ཡིན། བདུན་ཕྲག་གསུམ་རིང་ཡུན་རིང་མ་ཐུག་པའི་ས་གནས་ཁག་མི་འདྲ་མང་པོར་ཡོད་པའི་ངོས་ཀྱི་ཆོས་གྲོགས་ཕོ་མོ་རྣམས་དང་འཕྲད་པ་ཧ་ཅང་ས་དགའ་བོ་བྱུང་། ངས་ཀྱང་ཆོས་བཤད་དང་། འདོན་པ། གཞན་རབ་གནས་སོགས་ཁོ་རང་ཚོའི་འདོད་པ་ལྟར་དཀའ་ཚེགས་དང་ངལ་དུབ་གང་ལའང་མ་འཛེམས་པར་རང་ནུས་གང་ཤེས་བྱེད་ཁུལ་བྱས། མང་པོ་ཞིག་ནས་དུས་ཡུན་བདུན་ཕྲག་གསུམ་དེ་ཐུང་དྲགས་པའི་བསམ་འཆར་འདོན་མཁན་ཡང་འདུག ཁ་སང་རྒྱལ་ས་ཀོ་ལ་ལམ་བུར་ཡོད་པའི་རྙིང་མའི་ཀློང་ཆེན་སྙིང་ཐིག་ཆོས་ཚོགས་ལ་ཆེར་བཅར་བྱས། ངོས་ཀྱི་ཆོས་གྲོགས་སྤྲུལ་སྐུ་བཀྲ་ཤིས་བསོད་ནམས་བོད་ལ་ཕེབས་ནས་མ་བཞུགས་པ་ཁེལ་འདུག ཁོང་གི་སློབ་མ་རྣམས་ནི་ངོས་ཀྱི་ཆོས་གྲོགས་རྙིང་ཤོས་དེ་ཡིན་སྟབས་ཕན་ཚུན་ཐུག་འཕྲད་བྱུང་བ་ཧ་ཅང་ནས་དགའ་བོ་བྱུང་། གཟའ་ཟླ་བའི་ཉིན་མོར་ཀློང་ཆེན་སྙིང་ཐིག་ཆོས་ཚོགས་སུ་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་ཆོས་བཤད་འདི་འདྲ་བྱས། 
"བཀའ་བསྒོ་ངོ་མ་དེ་མི་ཚེ་ཧྲིལ་པོར་གཞན་ལ་སྐྱབས་སུ་མ་བཅོལ་བར་རང་མགོ་རང་གིས་ཐོན་པར་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། སངས་རྒྱས་ཀྱིས་ཀྱང་། བདག་ཉིད་བདག་གི་མགོན་ཡིན། ཅེས་གསུངས་པ་འདིར་གོ་རྒྱུ་ཆེན་པོ་ཡོད། ཆོས་བྱེད་ཟེར་དུས་ཁ་འདོན་སྨོན་ལམ་གཅིག་པུའི་སེམས་ནང་གི་ཉོན་མོངས་སེལ་བར་ཕན་ཐོག་དཀའ་ལས་ཁག་པོ་རེད། དེ་ལས་རང་སེམས་བསྒྱུར་བཅོས་གཏང་ནས་སེམས་ཀྱི་ཐོག་ནས་སངས་རྒྱས་རྙེད་པའི་ཐབས་ཤེས་བྱས་ན་ཡག་པོ་རེད། དེ་འདྲ་ཡོང་དགོས་ན་ངེས་པར་ཅན་གྱི་སྒོམ་རྒྱག་དགོས། སྒོམ་རྒྱག་ཟེར་དུས་ཞལ་ཕྱག་གིས་མཚན་པའི་ལྷ་འཇིགས་སུ་རུང་བ་ཞིག་སྒོམ་མི་དགོས། རང་གི་སེམས་ཀྱི་ངོ་བོ་འདི་སྐྱོང་ནས་གང་ལྟར་གླང་ཆེན་སྨྱོན་པ་ལྟ་བུའི་སེམས་འདི་བདག་པོ་རྒྱག་དགོས།" 
ཞེས་བཤད་ནས་ཁོ་རང་ཚོའི་འདོད་པ་ལྟར་རབ་གནས་དང་བཀའ་བསྒོ་སོགས་ཀྱང་བྱས་པས་མི་མང་དགའ་བོ་བྱས་སོང་། ཕྱི་ཉིན་མཚན་མོ་ཆུ་ཚོད་བཞི་པའི་སྐབས་སུ་ཆོས་ཚོགས་ཀྱི་འགན་འཛིན་སྐྱེད་དམན་ཞིག་དང་། ཆོས་ཚོགས་ཀྱི་བླ་མ་ནམ་མཁའ་གཉིས་ནས་གནམ་ཐང་དུ་སྐྱེལ་མ་བྱས་སོང་། ངས་ཀྱང་ད་རེས་མ་ལེ་ཤའི་འགྲུལ་བཞུད་འདིའི་སྐབས་སུ་ཚུར་བསུ་ཕར་བསྐྱལ་སོགས་སྣེ་ལེན་ཟབ་རྒྱས་གནང་མཁན་ཆོས་གྲོགས་ཕོ་མོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མ་ལེ་ཤའི་གནམ་ཐང་ནས་ཀོའུ་རི་ཡའི་གནང་ཐང་བརྒྱུད་ནས་ཀི་ལི་ཧྥོ་ཉའི་གནམ་ཐང་བར་དུ་ཆུ་ཚོད་ཉེར་གསུམ་ཏག་ཏག་འགོར་སོང་། ཀི་ལི་ཧྥོ་ཉའི་གནམ་ཐང་ནས་ཨ་མ་སུས་སིན་དང་སློབ་མ་སི་ཀབ་གཉིས་ནས་ལག་ཁ་གཏག་གིས་སྒུག་འདུག ཨ་མ་སུས་སིན་ཧ་ཅང་དགའ་བོ་བྱུང་འདུག ངེད་གསུམ་ཁ་བརྡ་བྱེད་བཞིན་ཆོས་ཚོགས་སུ་དགུང་མོ་ཆུ་ཚོད་གཉིས་པའི་སྐབས་སུ་གཞི་ནས་བདེ་བྱོར་སོང་།