Tuesday, August 23, 2016

བླ་མ་མཐར་ཕྱིན་རིན་པོ་ཆེའི་འདས་མཆོད་ལ་སོང་བའི་ཉིན་མོ།

ཁ་སང་གི་ཉིན་མོ་འདི་ནི་མགོ་ལོག་བླ་མ་ཚེ་སྒྲུབ་མཐར་ཕྱིན་རིན་པོ་ཆེ་ཞིང་དུ་ཕེབས་ནས་ལོ་གསུམ་འཁོར་བའི་རྗེས་དྲན་འདས་མཆོད་ལ་པདྨ་འོད་གསལ་གླིང་དགེ་སློབ་རྣམ་པའི་ཐུགས་འདོད་ལྟར་ཆེད་བཅར་ཞུས། བླ་མ་མཐར་ཕྱིན་རིན་པོ་ཆེ་ནི་སྐྱབས་རྗེ་བདུད་འཇོམས་ཡབ་སྲས་རྣམ་གཉིས་ཀྱི་ཐུགས་སྲས་གཅིག་པུ་དེ་ཡིན། མ་ཟད་ཁོང་གི་ཁུ་བོ་ཕུར་པའི་རྣལ་འབྱོར་པ་ཆེན་པོ་རེབ་ཀོང་སྔགས་པ་ཤེས་རབ་རྡོ་རྗེའི་མདུན་ནས་གདུང་བརྒྱུད་བར་མ་ཆད་པའི་རྡོ་རྗེ་ཕུར་པའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཤིང་ཉམས་སུ་བླངས་ནས་ཐལ་འབྱིན་བཞིའི་སྒོ་ནས་འབྲས་བུའི་རྟོགས་པ་མངོན་དུ་གྱུར་པའི་ཕུར་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཀྱང་རེད། ཁོང་ནི་སྔགས་རིག་བཙུན་ཅིང་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་མེད་པ། ཞེས་པའི་སྡོམ་ཚིག་འདིས་རྒྱ་ལས་མ་འདས་པ་དེང་སང་སྔགས་མིང་འཆལ་སྤྱོད་ཅན་རྣམས་དང་གཏན་ནས་མི་འདྲ། ང་ནི་སྔགས་པ་ཁོང་ལ་ཧ་ཅང་དད། ཁོང་གི་མདུན་ནས་བདུད་འཇོམས་གཏེར་གསར་ཁྲིད་རྒྱུན་འགའ་ཞུས་པ་མ་ཟད་ཁོང་གི་ཉམས་ལེན་ཕུར་པ་རྡོ་རྗེ་གཞོན་ནུ་ཡིན་སྟབས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ལྐོག་ཆོས་སུ་ཐོབ། ལར་ནི་དམན་ས་བཟུང་ཆེ་ནས་དབང་ཆོས་ཞུ་རྒྱུ་ལ་སྟབས་བདེ་བོ་ཞིག་མ་རེད། ད་དུང་མུ་མཐུད་ནས་ཁོང་གི་མདུན་ནས་རྩ་རླུང་ཐིག་ལེ་དང་གཞན་ཉམས་ལེན་གནད་དུ་ཕིག་པའི་གདམས་ངག་འགའ་ཞུ་འཆར་ཡོད་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེ་རིང་གི་ཉིན་མོ་ནས་ཡར་ལ་རྩིས་པའི་ལོ་གསུམ་གོང་ནས་ཁྲག་མངར་མོའི་སྙུང་གཞིས་རྐྱེན་གློ་བུར་དུ་ཕེབས་ལམ་རླངས་འཁོར་ནང་དུ་ཞི་བར་གཤེགས། སྐབས་སྐབས་ལ་གུས་པར་ར་གན་གསེར་རློམ་གྱིས་མི་ཚོགས་དཀྱིལ་ནས་བསྟོད་ར་མང་དྲགས་ནས་སྐུ་མདུན་ལ་བཅར་རྒྱུར་འཚེར་པོ་ཞིག་ཀྱང་འདུག མདོར་ན་སྔགས་པ་ཞེས་གཟན་དཀར་སྟོད་ལ་གྱོན་ཅིང་མགོ་ལ་རལ་པ་འཇོག་མཁན་ཞིག་ལ་ཁོང་ལས་ལྷག་པ་ཞིག་མཇལ་མ་མྱོང་། ཁ་སང་ཁོང་གི་འདས་མཆོད་སྐབས་སུ་རྡོར་སེམས་བླ་མ་མཆོད་པའི་སྒྲུབ་མཆོད་གནང་འདུག ངོ་ཤེས་དང་ཆོས་གྲོགས་གསར་རྙིང་བོད་འབྲུག་གཉིས་ཀྱི་བན་སྔགས་བཅུ་གྲངས་ཞིག་དང་ཨ་རི་བ་སོགས་མགོ་དཀར་ནག་གཉིས་དད་ལྡན་སྡོམ་པས་མི་གྲངས་ལྔ་བཅུ་ཡས་མས་ཞིག་ཡོད་ཚོད་འདུག གུས་པར་ཡང་མི་སྒོ་ནས་རང་སངས་རྒྱས་ཞེས་པའི་དཔེ་ལྟར་བླ་སྒྲུབ་ཉིན་གསུམ་རིང་མཉམ་སྒྲུབ་བྱེད་རྒྱུའི་གོ་སྐབས་བཟང་པོ་བྱུང་བས་པདྨ་འོད་གསལ་གླིང་བླ་སློབ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།། 

Wednesday, August 10, 2016

གླིང་སྤྲུལ་རིན་པོ་ཆེ་ཆོས་ཚོགས་སུ་ཕེབས་པ་དང་ཆོས་འཁོར་དུས་ཆེན།

ཉེ་སྔོན་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་འགུ་ལོག་ཁྲ་གླིང་དགོན་པའི་སྤྲུལ་སྐུ་གླིང་སྤྲུལ་རིན་པོ་ཆེ་ཁ་སང་འདིར་ཕེབས། ཁོང་ནི་༢༠༠༥ ལོའི་སྐབས་སུ་མ་ལེ་ཤ་ནས་རྙིང་མའི་ཆོས་ཚོགས་ཞིག་ནང་ངོ་ཤེས་བྱུང་། རྗེས་སོར་བལ་ཡུལ་ནས་ཡང་སྐྱར་མཇལ་བྱུང་བས་ངོས་ཀྱི་ཆོས་ཚོགས་སུ་གདན་འདྲེན་ཞུས་ནས་ཉིན་གུང་གསོལ་ཚིག་ཞིག་ཀྱང་ཕུལ། སྐབས་དེ་དུས་རིན་པོ་ཆེར་ཨ་རིིའི་མགྲོན་ཤོག་ཞིག་སྐྱབས་མཇུག་ཞུས་ནས་ཉིས་སྟོང་དྲུག་ལོར་ཨ་རིའི་ཐོང་མཆན་ཝི་རྫ་རག་ནས་ད་ལྟ་ས་གནས་འདིར་སྐྱིད་ཉལ་བྱེད་རྒྱུ་འདིའང་རིན་པོ་ཆེ་ཁོང་གི་སྐུ་དྲིན་རང་ཡིན། ད་རེས་ང་ལ་མཚོན་ན་སྦྱིན་བདག་བཀའ་དྲིན་ཅན་དྲིན་ལ་བསྟེན་ནས་སྤྲང་པོ་རྒྱལ་སར་སླེབས་པ་ལྟར་ཆོས་ཚོགས་དང་ཁང་པ་སློབ་མ་དང་མཐུན་རྐྱེན་སོགས་གང་ལ་ལྟས་ཀྱང་རང་འཁོས་འབྱོར་ཚོད་སྐྱིད་པའི་སྐབས་ཡིན་པས་རྒྱ་བལ་སོགས་གནས་ངེས་མེད་རྣམས་སུ་ཁྱི་སྡོམ་བཞིན་འཁྱམས་ཉུལ་བྱས་པའི་མངར་བསྐྱུར་གྱི་བརྒྱུད་རིམ་ཁྲོད། སྔུན་བསུ་དང་རྒྱབ་སྐྱོར། གནས་གཡར་དང་མཐུན་གྲོགས། ནད་གཡོག་དང་སྐད་བསྒྱུར། ཐ་ན་ཁྱི་བཀག་དང་ལམ་སྟོན་སོགས་མདོར་ན་རང་ཉམ་ཐག་པའི་སྐབས་སུ་བཀའ་དྲིན་ཅན་གྱི་མི་སྣ་རྣམས་རིམ་བཞིན་རང་འཁོས་ནུས་ཚོད་བྱས་པ་དྲིན་བཟོ་བྱེད་བཞིན་ཡོད། གླིང་སྤྲུལ་རིན་པོ་ཆེ་ནི་འགུ་ལོག་ཁྲ་ལང་དགོན་པའི་བླ་མ་ཆེ་ཤོས་དེ་ཡིན་པ་མ་ཟད་མཁན་པོ་མུན་སེལ་སོགས་ཚད་ལྡན་གྱི་བླ་མ་མང་པོའི་སློབ་མ་ཞིག་ཀྱང་རེད་འདུག ཡིན་ནའང་མི་རྒྱུས་མེད་ཞིག་དང་འཕྲད་ན་ཁོང་ནི་བླ་ཆེན་ཡིན་པ་སུས་ཀྱང་ཤེས་དཀའ། ནམ་རྒྱུན་མི་གཤིས་སུ་ཧ་ཅང་གཉོམ་ཆུང་དང་དམན་ས་བཟུང་མཁན་ཞིག་རེད་འདུག གང་ལྟར་ད་རེས་རིན་པོ་ཆེ་འདིར་ཕེབས་སྐབས་ལྷ་བབས་དུས་ཆེན་དང་ཁེལ་ནས་སྔ་ནས་མཛད་འཆར་འགའ་ཞིག་གི་རྐྱེན་ལས་བྲེལ་འདྲ་ལ་ཁེལ་བྱུང་བས་ཁྱེད་ཐུགས་མ་སུན་པའི་རེ་བ་ཡོད། ལྷག་པར་དུ་ཉིན་མོ་དེར་༡༩༤༥ ༨ ༦ ཉིན་མོར་འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་ཨ་རིས་ཉི་ཧོང་རྒྱལ་ས་ཧི་རོ་ཤི་མ་ལ་རྡུལ་ཕྲན་མཚོན་ཆ་འཕངས་ནས་སྐར་ཆ་འགའ་ཤས་ནང་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་གི་ཚེ་སྲོག་ཤོར་བའི་དྲན་གསོའི་ཉིན་མོ་དེར་ཁེལ་འདུག ས་གནས་འདིའི་གྲ་སྒྲིག་པ་ནས་མགྲོན་འབོད་ལྟར་འཇམ་དབྱངས་ཆོས་འཁོར་གླིང་དགེ་སློབ་ཡོངས་རྫོགས་དེར་ཆེད་བཅར་ཞུས། སྐད་ཆ་བཤད་མཁན་སྤྱི་སྒེར་མི་གྲངས་བཅུ་གཉིས་ཙམ་ཁྲོད་ནས་སྐུ་མགྲོན་གཙོ་བོ་དེ་ང་ཡི་མིང་རེད་འདུག རིན་པོ་ཆེ་ངེད་གཉིས་ནས་གུས་པས་སྔ་ལོར་བྲིས་པའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཤོ་ལོ་ཀ་དྲུག་ཅན་དེ་བཏོན་པས་མི་མང་དགའ་བོ་བྱས་སོང་།  

Monday, August 8, 2016

ཤེས་རིག་ལས་ཁུངས་ཀྱི་དེབ་ལ་སྤྲིངས་བ།

དེང་སང་དྲ་ཐོག་ནས་འུར་བཞིན་པ་དང་གཤེ་བཞིན་པ་དེ་ནི་རྡ་སའི་ཤེས་རིག་ལས་ཁུངས་ནས་ཨ་རིའི་ན་གཞོན་བོད་རིགས་རྣམས་ལ་ཆེད་དུ་གསར་བཟོ་བྱས་པའི་དཔེ་དེབ་དེའི་སྐོར་རེད། ངས་ཀྱང་དང་ཐོག་དེའི་སྐོར་ལས་མེད་དྲྭ་འབུ་རྣམས་ཀྱི་དྲྭ་ཐོག་གི་གཏམ་འཆལ་ཙམ་ཞིག་ལས་གལ་གནད་ཆེན་པོར་ངོས་འཛིན་མ་བྱས། ཡིན་ནའང་བདེན་སྐྱ་རེངས་གཉིས་དེ་ཇེ་གསལ། རྫུན་མུན་པ་གཉིས་དེ་ཇེ་ནག་ཞེས་པའི་དཔེ་ལྟར་ཨ་རིའི་རླུང་འཕྲིན་ཁང་དང་བོད་ཀྱི་བང་ཆེན་གསར་ཤོག་སོགས་ཀྱི་ཐོག་ནས་ཇེ་གསལ་དུ་གྱུར། སྤྱིར་རྡ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལ་རང་གཞུང་གི་འདུ་ཤེས་གཏན་ནས་མེད་མཁན་དེང་སང་ལས་མེད་དྲྭ་འབུ་རྣམས་དང་། རྒྱལ་འཚོང་དང་དངུལ་རྗེས་འབྲངས་བའི་བོད་རིགས་ལས་ངན་འགའ་ཡིས་དོན་མེད་ཁ་གཏང་མཁན་རིགས་ལ་ངོས་ནི་དུས་ནམ་ཡང་མོས་མཐུན་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་གྱི་གྲས་ཞིག་ཡིན། དེ་རིང་སྐབས་དོན་གྱི་གླེང་བྱ་ཤེས་རིག་ལས་ཁུངས་ནས་བཏོན་པའི་དེབ་ཞིག་གི་སྐོར་རེད། དེང་སང་ཁ་འཕྲེད་ལ་ཐོག་ཚད་མཁས་དབང་དང་། ལག་སྨྱུག་གུ་ཟིན་ཚད་རྩོམ་པ་པོར་དང་མཁས་དབང་གིས་མིང་ཁུར་ནས་ང་རྒྱལ་གྱི་འགྱིང་འགྲོས་བྱེད་པའི་དུས་སྐབས་འདིར་བཤད་ཚད་ལ་ཉན་ཚོད་དང་བྲིས་ཚད་ལ་ལྟ་ཚོད་མེད། སྤྱིར་གཏང་གི་དེབ་ཙམ་ཞིག་ཡིན་ན་ངས་དེ་རིང་བཤད་རྒྱུ་གང་ཡང་མེད་མོད། ད་རེས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་མཚན་ཐོག་ནས་ལོ་ངོ་སྟོང་ཚོར་གནས་པའི་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་ཤེས་བཞིན་དུ་དཔེ་དེབ་འདོན་སྤེལ་གནང་བ་དེས་རྐྱེན་ཝ་མི་རྒྱལ་ཁག་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཁག་མེད་རྐུ་མའི་བློ་དགྲ་ཞེས་པའི་དཔེ་ལྟར་མདོར་བསྡུས་མ་ཞུས་རང་ཞུས་བྱུང་། སྐད་ཆའི་བརྒྱུད་རིམ་འདིའི་ཁྲོད་ནས་དེབ་འདི་ཉིད་ཆོག་སྒྲིག་གི་ཆེད་དུ་གསེར་ལས་དཀོན་པའི་ལོ་ཟླ་མང་པོའི་ཁྲོད་ནས་དཀའ་ཚེགས་ལ་མ་འཛེམས་པར་དུས་ཚོད་གཏང་མཁན་རྣམས་དང་། འགྲོ་སོང་འཕངས་མེད་དུ་གཏངས་ནས་དེབ་འདི་ཉིད་ཀྱི་སྦྱིན་བདག་བྱེད་མཁན་རྣམས་ལ་གུས་པའི་རྟོག་འཆར་འདི་བྱས་པའི་དྲིན་བཟོའི་ཚབ་ཏུ་དྲིན་ལན་ལོག་འཇལ་གྱི་ཚིག་མཚོན་དུ་མི་འགྲོ་བའི་རེ་བའང་ཡོད། ཡིན་ནའང་གཏམ་དཔེར། ཕན་པའི་ཚིག་ལ་འཇམ་པོ་མེད། བཟང་དྲུག་སྨན་ལ་ཞིམ་པོ་མེད་ཅེས་པའི་དཔེ་ལྟར་ཉན་མཁན་རང་ཉིད་ནས་སྟུན་བཞིའི་འཇུག་ལྡོག་མ་ནོར་བའི་ཐོག་ནས་ཁྱེད་རྣམ་པའི་སེམས་ཁམས་དཀྲུགས་རྐྱེན་དུ་མ་སོང་བར་དེབ་དེ་ཉིད་ཀྱི་ལེགས་སྤེལ་ཉེས་འགོག་ཐུགས་གསོས་སུ་འགྲོ་བའི་རེ་བའང་ཡོད། སྐབས་བབས་ཀྱི་བརྗོད་བྱ་དང་གུས་པའི་བསམ་འཆར་ཆེ་ཤོས་ནི། དེབ་ཉིད་བོད་ཀྱི་བརྡ་སྤྲོད་དང་མཐུན་མིན་གྱི་རྟོག་འཆར་དེ་རེད། ལར་ནས་ཁྱེད་རྣམ་པས་བཏོན་པའི་དེབ་གྲངས་གསུམ་པོ་ཚང་མ་རག་རྒྱུ་ཕར་ཞོག་དེབ་གཅིག་ཀྱང་དབུ་ནས་ཞབས་སུ་བསྡུས་པའི་དོན་རྣམས་མཇལ་ཐུབ་མ་སོང་། དེར་རྟེན་གུས་པའི་རྩོམ་འདི་ཉིད་ཀྱང་སྔ་རྒོལ་གྱི་འབེན་མ་མཐོང་བར་ཕྱི་རྒོལ་གྱིས་མདའ་འཕངས་པ་ལྟར་མི་འགྱུར་བའི་ངེས་པའང་མེད། འོན་ཀྱང་དེང་སང་དྲྭ་ཐོག་ནས་འཁྱམས་བཞིན་པའི་ཤོག་ལྷེ་འགའ་ཡི་ངོ་བཤུས་དང་། ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་ནས་ཤེས་རིག་ལྷན་འཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལ་བཅར་འདྲི་བྱས་པའི་བརྒྱུད་རིམ་དང་། བོད་ཀྱི་བང་ཆེན་དང་ཁ་བརྡ་དེ་ལས་གཞན་པ་ནམ་རྒྱུན་གུས་པས་དཔྱད་འོས་པའི་ཤེས་ལྡན་མི་སྣ་འགའ་ཡི་རྩོམ་དང་ཉིན་ཐོ་སོགས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ཟུར་ལྟས་ལེབ་མཐོང་གི་ཚུལ་དུ་ཡིན། དེ་ལ་བརྡ་སྤྲོད་པའི་གཞུང་འདི་ཉམས་ན་ཅི་འགྱུར་ཞེ་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས། 
ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་།། 
མིང་གི་ཁོངས་ནས་ཚིག་དབྱུང་ནས།། 
ཚིག་གི་དོན་རྣམས་སྟོན་པས་སོ།། 
མིང་ཚིག་བརྗོད་པ་མེད་ན་ནི།། 
ཐུན་མོང་ཐུན་མོང་མ་ཡིན་པའི།། 
ཤེས་བྱ་སྟོན་པའང་མེད་པར་འགྱུར།། 
ཅེས་གསུངས་པ་ལྟར་བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་འདི་ཉིད་ནི་བཅུ་ཕྲག་རིག་གནས་ཡོངས་རྫོགས་ཀྱི་འབྱུང་ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟར་ཡིན་པས་དེ་ཉིད་ཉམས་པར་གྱུར་ན་རིང་པོར་མི་ཐོགས་པར་རིག་གནས་གཞན་དག་རྣམས་ཀྱང་ཉམས་པར་འགྱུར་རོ། 

 ཐོན་མི་སམ་བྷོ་ཊ་ཉིད་ཀྱི་ཞལ་ནས། 
།དེ་ལྟར་གྱུར་ན་འཇིག་རྟེན་དུ། 
།དོན་མཚོན་བརྗོད་པ་ཀུན་ཀྱང་མེད། 
།རིག་བྱེད་སྨྲ་བའང་ཡོད་མི་འགྱུར། 
།ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། 
།བསླབ་པ་རྣམས་ཀྱང་མེད་པར་འགྱུར།། 
ཅེས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཟབ་མོ་འདི་ལ་ཞིབ་འདིང་ཞིག་རྒྱབ་ན། རྩོམ་པ་པོ་ཐུན་མི་ལོ་ཙཱ་བ་ཆེན་པོས་སྐབས་དེ་དུས་ནས་སེམས་ཚོར་ཆེན་པོའི་ཁོང་གི་བརྡ་སྤྲོད་ཟབ་མོ་སྟག་ཤར་ལང་ཚོའི་རྒྱན་ལྡན་འདི་ནམ་ཞིག་བསོད་ཟད་བོད་རིགས་འདི་རྣམས་ཀྱིས་རྐང་ཆད་ལག་སྡུམ་དུ་གཏོང་མི་ཡོང་ངམ་བསམ་ནས་དུས་གསུམ་གསལ་གཟིགས་མ་འོང་ལུང་བསྟན་ཡིན་པ་འདྲ། སྤྱིར་བོད་ཆོལ་ཁ་གསུམ་པོ་སིལ་བུར་འཐོར་ནས་བཟུང་སྟེ་ཕྱི་ནང་གི་ཆག་འཇིག་མང་པོ་བྱུང་ཡོད་ཀྱང་ད་དུང་བོད་ཁམས་གཅིག་ཏུ་སྒྲིལ་མཁན་ནི་བླ་མ་མིན་ལ་དེ་བས་དཔོན་པོ་ཡང་མིན། གང་ཡིན་ཟེར་ན་བོད་ཁམས་ཡོངས་རྫོགས་གཅིག་ཏུ་སྒྲིལ་ནས་བསྡམ་བྱེད་ཀྱི་ཐག་པ་ལྟ་བུ་ནི་བོད་ཀྱི་རིག་གཞུང་ཟབ་མོ་འདི་ཡི་རྩ་བ་དང་ཡན་ལག་དང་བཅས་པ་འདི་ཡིན། ནང་དོན་རིག་པའི་གཞུང་ལུགས་འདི་ནི་མཆོད་སྟེགས་ཁྲོད་དུ་དད་རྟེན་ཙམ་ལས་ད་དུང་བོད་མི་བྱིང་གི་ཁྲོད་དུ་ཐོས་བསམ་སྒོམ་གསུམ་བརྟན་པོར་གནས་ཐུབ་མེད། དེ་ནི་དགོན་སྡེ་ཁག་གྲྭ་བཙུན་རྣམས་ཀྱིས་བདག་ཉར་བྱས་ནས་བསྡད་ཡོད། བརྡ་སྤྲོད་འདི་ནི་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་དུ་སྤྱི་སྐད་དག་མ་ཞིག་ལ་འགྲོ་དགོས་པ་ལས་འདི་དགོན་པ་ཁག་གྲྭ་བཙུན་རྣམས་ཀྱི་གཅིག་པུའི་ལས་ཀ་ཞིག་ཁ་འཕངས་ནས་གཡུགས་བཞག་ན་གཏན་ནས་མི་འགྲིགས། འདི་ནི་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཕ་སྐད་དག་མའི་ཁུངས་གཏུགས་སའི་སྤྱི་དེབ་ཞིག་ཡིན། འདི་ལ་དཀའ་ལས་ཆེན་པོ་འདུག་ཟེར་ནས་ཟུར་དུ་འཇོག་ཐབས་གཏན་ནས་མེད། གང་ཡིན་ཟེར་ན། དེང་སང་བོད་ཆོལ་ཁ་གསུམ་འདི་སྲན་ཕུང་དབྱུག་པས་སྟོར་བ་ལྟར་འཛམ་གླིང་གང་སར་ཁ་འཐོར་དུ་གྱུར་པའི་དུས་སྐབས་ངན་པ་འདིར། བརྡ་སྤྲོད་འདི་ནི་ཁ་སྐད་དང་མི་རིགས་འདི་ཉིད་མི་འཐོར་བའི་འཆིང་བྱེད་ཀྱི་གསེར་ཐག་ངོ་མ་དེ་ཡིན། གལ་སྲིད་འདི་ལས་ཁ་ཐག་རིང་དུ་སོང་ནས་རང་སྣང་གང་ཤར་ར་མ་ལུག་གི་ཁ་སྐད་བེད་སྤྱོད་བྱས་ན་དེ་ཉིད་ལ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་གཙོར་བྱས་པའི་བོད་རྒྱུད་ནང་ཆོས་འདི་ལས་ཁ་ཐག་ཇེ་རིང་དུ་འགྲོ། དེང་སང་འབྲུག་པའི་གཞོན་སྐྱེས་རྣམས་དང་མ་ཟད་བོད་རིགས་ཀྱི་མིང་ཁྱེར་མཁན་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་མི་ལྟར་རིང་པོར་མི་ཐོག་པར་འགྱུར་ངེས་ཡིན། མེས་པོ་མཁས་དབང་སྐུ་དྲིན་ཅན་རྣམས་ཀྱིས་བསྲེགས་བཅད་བརྡར་གསུམ་གྱི་གསེར་བཞིན་དུ་བོད་ཡིག་འདི་གཏན་ལ་ཕབ་ཅིང་། དེ་མ་ཟད་སུམ་རྟགས་སོགས་ཕོ་མོ་མ་ནིང་བདག་གཞན་དུས་གསུམ་སོགས་འགྲེལ་བཤད་དང་དཔེར་བརྗོད་ཐ་ན་དེང་སང་དྲ་མིག་དང་པར་རིས་སོགས་གོ་བདེ་བའི་ཆེད་དུ་ཧ་ཅང་གསལ་པོར་བྱས་ནས་དཔེར་ན་ཁ་ཟས་སྡེར་མའི་ནང་དུ་བླུགས་ནས་ཟ་ཆོག་ཆོག་ལྟ་བུ་བྱས་ནས་བཞག་ཡོད། ང་ཚོའི་མི་ཐོག་འདིར་བེད་སྤྱོད་གཏོང་རྒྱུ་ལས་གཞན་དཀའ་ངལ་གང་ཡང་མེད། དེང་སང་རྡ་སའི་ཤེས་རིག་ལས་ཁུངས་ནས་ཨ་རིའི་བོད་རིགས་གཞོན་སྐྱེས་ཚོས་ཆེད་དུ་བོད་ཆོལ་ཁ་གསུམ་གྱི་སྤྱི་སྐད་འདི་རྐང་ཆད་ལག་དུམ་བཟོས་ཡོད་སྐད་འདུག དེ་ནི་ཧ་ཅང་མིག་རྒྱངས་ཐུང་བའི་ཕྱག་ལས་ཐབས་སྡུག་ཞིག་ཡིན། ངས་འདིར་རེ་བའི་ཐོག་མ་ནི་གལ་སྲིད་ཤེས་རིག་ལས་ཁུངས་ནས་ཤེས་བཞིན་དུ་དེང་དུས་བོད་རིགས་འགའ་ཡི་ཆེད་དུ་བོད་ཀྱི་སྤྱི་སྐད་བརྡ་སྤྲོད་རིག་པ་འདི་རྩ་མེད་དུ་གཏང་ན་དེ་ནི་ཤེས་རིག་ལས་ཁུངས་ཀྱིས་འགན་ཁུར་མི་བཟོད་པའི་བརྡ་སྤྲོད་རིག་གཞུང་དམར་བསད་གཏང་བའི་ཉེས་ཅན་གྱི་ལག་དམར་བ་ཞིག་ཡིན། གལ་སྲིད་མ་ཤེས་པའི་དབང་གིས་བརྡ་དག་འགའ་རེ་ནོར་འཁྲུལ་དུ་སོང་ན་ངོ་ཚ་དང་འཇིགས་ཞུམ་གང་ཡང་མེད་པར་དེ་ནི་ནོར་འཁྲུལ་ཡོ་སྲང་བྱེད་རྒྱུ་ལས་ཐབས་ལམ་གཞན་པ་གང་ཡང་མེད་པས་ད་ལྟའི་དེབ་ཉིད་ཡར་བསྡུ་ནས་ཡང་སྐྱར་ཚད་ལྡན་གྱི་དེབ་གཉིས་པ་གསར་བཟོ་བྱེད་དགོས། སྤྱིར་གཏང་བརྡ་སྤྲོད་འདི་ནི་བོད་ཆོལ་ཁ་གསུམ་གྱི་ཕ་སྐད་ངོ་མ་དེ་ཡིན་སྟབས་དེ་བསྒྱུར་བཅོས་གཏོང་དགོས་མིན་གཞི་བྱེས་ཆོལ་གསུམ་བོད་རིགས་ཡོངས་ལ་དབང་བ་ལས་ཡུལ་གྱར་བའི་གནས་སྐབས་ཆབ་སྲིད་ཚོགས་པ་བྱེ་བྲག་པ་ཞིག་ལ་གཏན་ནས་དབང་མེད། ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱིས་གཞི་ལུས་བོད་རིགས་ཡོངས་ཀྱི་འདོད་བློ་ལ་བབས་མིན་རང་སྣང་གང་ཤར་གྱིས་སྔ་ན་མེད་པའི་ཆབ་སྲིད་ཀྱི་ལམ་གསར་པ་དང་། ལོ་ངོ་སྟོང་ཕྲག་རིང་གནས་པའི་བརྡ་སྤྲོད་དང་རིག་གཞུང་རྣམས་ལ་བསྒྱུར་བཅོས་གཏོང་རྒྱུ་མང་དྲགས་ན་བོད་བཞུགས་མཁས་དབང་རྣམས་ཀྱི་སེམས་ནད་དུ་གྱུར་ནས་ནམ་ཞིག་འཇུག་འབྲས་ངན་པ་གཞི་བྱེས་བོད་མི་གཉིས་ཀྱི་བར་བསམ་ཚུལ་མི་མཐུན་པའི་འགལ་ཟླར་མི་འགྲོ་བའི་ངེས་པ་གཏན་ནས་མེད་པས་ད་ལྟ་ནས་གཟབ་དགོས་སྙམ།


ལྟས་ངན་དྲུག་གི་མགུར། 
༡ དྲིན་ཅན་ཐོན་མི་ཁུ་བྱུག་མོན་དུ་ཕྱོགས། 
 །མེས་པོའི་ཤུལ་འཛིན་གདོང་མཐའ་གཉིད་དུ་ཡུར། 
 །མཁས་མིན་མཁས་པར་བརྫུ་བའི་ཐན་བྱ་ཡིས། 
 །འོ་མཚོའི་བརྡ་སྤྲོད་རྙོག་པ་ལྟས་ངན་ཡིན། 

༢ །ཤེས་རིག་ལས་ཁུངས་ཞེས་པའི་མཚན་ཐོག་ནས། 
 །བརྡ་སྤྲོད་མགོ་བོ་རྟིབ་པའི་རྫས་རྒྱོགས་དེབ།
 །འཛམ་གླིང་བོད་མིའི་ཁྲོད་དུ་འཕངས་པ་དེས། 
 །བརྡ་སྤྲོད་ཤུལ་མེད་གཏང་བའི་ལྟས་ངན་ཡིན། 

༣ །ནུབ་ཕྱོགས་ཡུར་གྱར་བོད་མི་གཞོན་སྐྱེས་ཚོར། 
 །ཆེད་དུ་དམིགས་ནས་བརྡ་སྤྲོད་རྐང་ལག་རྣམས། 
།མི་ངན་འགའ་ཡིས་བཅད་བཏུབས་བྱས་པ་དེ། 
 །རང་དགྲ་རང་གཤེད་བོད་ཀྱི་ལྟས་ངན་ཡིན། 

 །སྟོད་ཕྱོགས་མངའ་རིས་སྐོར་གསུམ་མན་ཆད་དང་། 
 །སྨད་ཕྱོགས་མདོ་ཁམས་སྒང་དྲུག་ཡན་ཆོད་རྣམས། 
 །མ་ཉམས་གཅིག་སྒྲིལ་བརྡ་སྤྲོད་གསེར་གྱི་ཐག། 
 །འཛེམས་མེད་དུམ་བུར་བཅད་པ་ལྟས་ངན་ཡིན། 

༤ །ཨ་རིའི་བོད་པའི་ན་གཞོན་འགའ་ཡི་ཆེད། 
 །ལོ་རབས་སྟོང་ཕྲག་གནས་པའི་རིག་གཞུང་འདི། 
 །ཨོང་ཤ་བཀོག་ནས་ངོ་ལ་སྦྱར་བ་འདི། 
 །མི་མཛེས་རིག་གཞུང་ཉམས་པའི་ལྟས་ངན་ཡིན། 

༥ །རང་དབང་མེད་པའི་གཞིས་ལུས་བོད་པ་ཚོས། 
 །བརྡ་སྤྲོད་ཆེད་དུ་རང་གི་ལུས་སྲོག་དོར། 
 །རང་དབང་ཡོད་པའི་ཡུར་གྱར་བོད་མི་ཡིས། 
 །བརྡ་སྤྲོད་སྲོག་ལ་རྒོལ་བ་ལྟས་ངན་ཡིན། 

༦ །ཕ་ནོར་བུ་ལ་བཞག་པའི་ནོར་བུ་འདི། 
 །སྤྲང་ཕྲུག་འགའ་ཡིས་ནོར་ཉམས་མ་ཆོད་ནས། 
 །རིན་ཆེན་རྡོ་ལ་རྗེས་པའི་ངང་ཚུལ་འདི། 
 །བསམ་ཞིང་དཔྱད་ན་ལྟས་ངན་དགུ་རྩེག་ཡིན། 

ལས་བྲེལ་བར་ནས་མགྱོགས་བྲིས་ཡིན་པས་ཡིག་ནོར་དང་སྡེབ་སྦྱོར་སོགས་ལ་ནོར་འཁྲུལ་ཡོད་ངེས་པས་དགོངས་འཆར་ཞུ།།