Tuesday, May 30, 2017

བདེ་ཆེན་དབྱངས་སྐྱིད་མཐོ་སློབ་ནས་ཐོན་པ།

ང་ཡི་གཅེན་པོ་ལ་ཕྲུ་གུ་ཧ་ཅང་མང་པོ་ཡོད། ང་རྒྱ་གར་ལ་འབྱོར་རྗེས་ངོས་ཀྱི་ཚ་བོ་ཚ་མོ་ཕྲུ་གུ་འགའ་ཤས་རྒྱ་གར་བོད་གཞུང་སློབ་གྲྭར་འཇོག་རྒྱུ་བྱུང་། དེ་ནི་མི་ཚང་གཉོམ་ཆུང་ཞིག་ལ་ལྟོས་ན་ང་རང་ཚོད་རླབས་ཆེན་གྱི་ལས་ཀ་ཞིག་ཀྱང་ཡིན་བསམ། སྤྱིར་གཏང་ངོས་ཀྱི་སྐྱེ་ཡུལ་འདི་ཡུལ་འབྲོག་འདྲེས་མ་ཞིག་ཡིན་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་ས་མེད་ཅིང་ན་ཆུང་ཕྲུ་གུ་ཕལ་མོ་ཆེ། ར་ལུག་གི་རྫི་བོ་དང་། རྩྭ་འཐུ། ཤིང་འབུད་སོགས་བྱེད། སེམས་སྐྱོ་འོས་པ་ཞིག་ལ་མཛེས་སྡུག་ལྡན་པའི་གཞོན་ནུའི་ལང་ཚོའི་མི་ཚེ་ནི་རྐང་བཞིའི་དུད་འགྲོ་རྣམས་ཀྱི་མཉམ་དུ་ཟད་ཀྱི་ཡོད། གང་འཚམས་རྗེས་ནས་ཕྲུ་གུ་མང་པོའི་ཨ་མར་གྱུར་ནས་རྒས་མ་རན་གོང་ནས་རྒས། ན་མ་རན་གོང་ནས་ན། ཤི་མ་རན་གོང་ནས་ཤི་བ་སོགས་མདོར་ན་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཟེར་བའི་དཔེ་དེ་ཉིད་བོད་ས་འགའ་ཤས་ལ་དངོས་སུ་འགྱུར་གྱི་ཡོད།
དེར་རྟེན་ཚ་མོ་བདེ་ཆེན་དབྱངས་སྐྱིད་དང་ཆོས་དབྱིངས་དབང་མོ་གཉིས་༢༠༠༠་ལོར་རྒྱ་གར་ལ་བླངས། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་འོག་མ་ཡུམ་རྦིར་སུས་ཇ་སློབ་གྲྭར་ཞུགས་ནས་བུ་མོ་གཉིས་ནས་དཀའ་ཚེགས་ངལ་དུབ་ཁྱད་བསད་ཀྱིས་ལོ་རེ་བཞིན་འཛིན་རིམ་རྣམས་ཐོད་རྒལ་གྱིས་འཕར་ནས་བདེ་ཆེན་དབྱངས་སྐྱིད་རྡི་ར་དུན་སི་ལ་ཀུའི་སློབ་གྲྭའི་རྩེ་ཕུད་གྲས་སུ་བདམས་ཐོན་བྱུང་། དེ་ནས་རིམ་བཞིན་འབུ་ནག་གྱང་ལ་འཛེགས་པ་བཞིན་༢༠༡༠་ལོར་བདེ་ཆེན་དབྱངས་སྐྱིད་སློབ་གྲྭ་སྟོང་ཕྲག་མང་པོའི་དཀྱིལ་ནས་ཨང་རིམ་མཐོ་ཤོས་ཀྱི་གཟེངས་རྟགས་ཐོབ་ནས་བོད་གཞུང་རང་ནས་ལག་ཁྱེར་དང་ལམ་གྲོན་ཡོངས་རྫོགས་འགྲོ་སོང་གཏང་ནས་༢༠༡༡་ལོར་དབྱིན་ལན་མཐོ་སློབ་ཞིག་ནང་དུ་སློབ་སྦྱོང་དུ་ཆེད་གཏོང་གནང་། དབྱིན་ལན་ལ་ལོ་གཉིས་རིང་སློབ་སྦྱོང་འོག་ཨ་རིའི་མངའ་སྡེ་pennsylvania ནང་དུ་ཡོད་པའི་ཆེས་སྙན་གྲགས་ཅན་གྱི་མཐོ་སློབ་Bucknell University ལ་སློབ་ཡོན་མ་དགོས་པར་རིན་མེད་འཛུལ་ཞུགས་ཐུབ། Scholarship མོ་རང་གི་རིག་གཅིག་རྐང་འཛིན་གྱི་སློབ་ཚན་ནི་སེམས་ཁམས་རིག་པ་དང་སྨན་གྱི་སྐོར་རེད། psychology and pre-med ནང་མི་དང་ཕ་མ་རྒྱབ་ཏུ་བསྐྱུར་ནས་ས་མཐར་འཁྱར་བའི་གསར་འབྱོར་ཉམས་ཆུང་བུ་མོ་ཞིག་ནས་རྡ་སའི་སྐུ་དྲག་དང་འབྱོར་ལྡན་བུ་ཕྲུག་རྣམས་ཀྱི་དཀྱིལ་ནས་ཤེས་འཇོན་ལྷག་གསུམ་གྱིས་མཚོ་གླང་གིས་དར་གཤགས་པ་ནང་བཞིན་ད་ལྟ་ཆེས་སྙན་གྲགས་ཆེ་བའི་ཨ་རིའི་མཐོ་སློབ་ཏུ་སློབ་ཡོན་སྐར་མ་གཅིག་མ་དགོས་པར་སློབ་སྦྱོང་གི་གོ་སྐབས་ཐོབ་་ཅིང་ཤེས་ཡོན་མཐར་ཕྱིན། དེ་ནི་དེང་སང་བཤད་ལ་དགའ་བའི་མི་འགའ་ཞིག་ནས་རྡ་སའི་བོད་གཞུང་འདིར་སྐུ་དྲག་དང་རྒྱུ་ཆེན་ལྟག་སྒོ་སོགས་ལས་ཉམ་ཆུང་གསར་འབྱོར་བོད་ཕྲུག་རྣམས་མི་གྲལ་དུ་འཇོག་གི་མེད་པའི་གཏམ་སྙོགས་འདི་རྣམས་ཀྱང་གནས་སྐབས་རྫུན་རྐུབ་རྟོལ་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་བུ་མོ་བདེ་ཆེན་ལ་སྔུན་ནས་བསུ་མ་དང་རྒྱབ་ནས་སྐྱོར་མཁན་ནི་མོ་རང་གི་ཤེས་ཡོན་དང་། བརྩོན་འགྲུས། ལྷག་བསམ་བཅས་ལས་གཞན་གང་ཡང་མེད་པས་སོ། 
སྤྱིར་གཏང་ཨ་རིའི་མཐོ་སློབ་འདིའི་Bucknell University སློབ་ཡོན་དཀྱུས་མ་ནི་ལོ་རེར་ཨ་སྒོར་ཁྲི་དྲུག་ལྷག་ཡིན་སྐད། ལོ་བཞིའི་རིང་སྡོམ་པས་ཨ་སྒོར་འབུམ་གཉིས་དང་ཕྱེད་ལྷག་ཙམ་ཞིག་རེད་འདུག སློབ་ཡོན་མ་དགོས་པར་སློབ་གྲྭ྄་འདིར་འཛུལ་ཞུགས་ཐུབ་པ་ནི་ཉམ་ཆུང་ངེད་ཚ་ཞང་གཉིས་ཀྱི་ངོ་མ་རྨི་ལམ་རང་རེད། དེ་ནི་གཙོ་བོ་ཚ་མོ་རང་ཉིད་ནས་དཀའ་བས་ཁྱད་བསད་ཀྱི་གྲུབ་འབྲས་ངོ་མ་ཞིག་ཡིན། དེ་རིང་ལྡིང་ཁྲིའི་སྒང་ནས་སློབ་ཕྲུག་རྣམས་སྒྲིག་ཆས་དང་འཐོབ་ཞྭ་སོགས་གྱོན་ནས་ཡོང་བའི་སྐབས་སུ་ཟུར་ནས་རེ་རེ་བཞིན་མིང་འབོད། ལྡིང་ཁྲིའི་ཞབས་སུ་འཁོད་པའི་ནང་མི་སྤུན་མཆེད་རྣམས་ཀྱིས་དགའ་འབོད་དང་ལག་གཡུགས་སོགས་བྱེད་ཡོང་བའི་སྐབས་སུ་གཏན་གཏན་སེམས་ནང་ལ་ཚོར་བ་མ་འདྲ་བ་ཞིག་འདུག དེ་རིང་འདིར་ཡོང་བའི་སྐབས་སུ་གཞི་ནས་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་ཇི་ཙམ་གལ་ཆེན་ཡིན་པ་ཤེས་སོང་། ང་ནི་སེམས་ཀྱི་བརྩེ་བའི་ཁྱེར་སོ་ཙམ་རེད་མ་གཏོགས་ཕ་མ་བྱས་པའི་ཉམས་མྱོང་མེད་སྟབས་སྐབས་རེར་ཕན་ཚུན་བསམ་བློ་མ་མཐུན་པའི་དབང་གིས་དཀའ་ངལ་ཕྲན་བུ་རེ་ཡོང་གི་འདུག ལར་ནི་ངོས་ཀྱི་ཚ་བོ་ཚ་མོ་འདི་རྣམས་ཀྱིས་ང་ལ་རེ་ལྟོས་དང་བརྩི་མཐོང་ཧ་ཅང་ཆེ་བས་གང་ཟེར་རྣ་བས་ཉན་ཅིང་ལག་ལེན་བྱེད་མཁན་ཤ་སྟག་ཡིན་སྟབས་སེམས་དགའ་བཞིན་དུ་མི་ཚང་འདི་འདྲ་ཞིག་མཉམ་དུ་ཚེ་ལྷག་སྐྱིད་སྡུག་མཉམ་དུ་བྱེད་བསམ་པའི་དམ་བཅའ་ནི་རྡོ་རྐོས་ཀྱི་རི་མོ་ལྟར་འགྱུར་བ་གཏན་ནས་མེད།  ང་ནི་གཟའ་ཟླ་མེད་པའི་ཕ་རྒན་ལྟར་དེ་སྔ་ཕན་ཆོད་སྤུན་མཆེད་རྣམས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་བཟུང་ད་བར་གྲྭ་རྐྱང་དཀྱུས་མ་ཞིག་གི་ངོས་ནས་གང་ཐུབ་རོགས་རམ་བྱས་པ་ཡིན། དེ་ནི་ང་ཡི་ལས་འགན་ངོ་མ་ཞིག་ཡིན་བསམ་པ་ཡོད། ང་ལ་དེང་སང་བླ་སྤྲུལ་རྣམས་ལྟར་གསེར་འཕྲུ་རྒྱ་ཕིག་ཅན་གྱི་དགོན་པའི་བདག་པོ་དང་འཁོར་སློབ་སྟོང་ཕྲག་གིས་སྐོར་བའི་མིང་དང་གོ་ས་ཡོད་པའི་བསྟན་པའི་བདག་པོ་ཞིག་མིན་ཀྱང་། ང་ནི་རེ་ལྟོས་ཅན་གྱི་སློབ་མ་ནང་མི་རྣམས་ལ་སྙིང་ནས་བརྩེ་བས་སྐྱོང་ནས་ལུགས་གཉིས་གང་གིས་ཐད་ནས་ཡིན་ཀྱང་བསླབ་བྱ་དང་ཁ་ད་སོགས་བྱེད་ནས་འགྱུར་མེད་ཀྱི་མཛའ་གྲོགས་བསླུ་མེད་ཀྱི་སྤུན་མཆེད་ཞིག་ཡིན། ༧གོང་ས་མཆོག་གི་བཀའ་ལྟར་དེ་རིང་ངས་དཀའ་བས་བསྐྱངས་བའི་འབྲས་བུ་རུལ་སུང་དུ་མ་སོང་བའི་མ་འོང་བོད་ཀྱི་སོན་རྩ་ངོ་མ་ཞིག་བསྐྱེད་སྲིང་བྱེད་ཐུབ་པ་ནི་བན་རྒན་ང་བློ་བདེའི་ངང་གནས་ཡོད།  ཚ་མོ་བདེ་ཆེན་ནི་སློབ་སྦྱོང་གཅིག་པུ་ཙམ་མ་ཡིན་པར་ལུགས་གཉིས་གང་ཐད་ནས་ཤེས་འཇོན་ལྷག་གསུམ་དང་ལྡན་པ་ཞིག་ཡིན། མཐོ་སློབ་འདིའི་ནང་བོད་རིགས་མོ་རང་གཅིག་པུ་ལས་མེད་ཀྱང་སློབ་ཕྲུག་རང་བཙན་ཚོགས་པའི་ཚོགས་པ་གསར་འཛུགས་གནང་ཞིང་ལོ་ལྟར་མི་རིགས་གཞན་གྱི་སློབ་ཕྲུག་རྣམས་དང་ལྷན་བོད་དོན་ཁྱབ་སྒྲག་དང་བོད་ཀྱི་དུས་ཆེན་ཁག་སྲུང་གཙི་སོགས་བྱེད་ཀྱི་ཡོད། སྙིང་ནས་གཅེས་པའི་ཚ་མོ་བདེ་ཆེན་ལགས་ཀྱི་ཕུགས་བསམ་དང་དམིགས་ཡུལ་རྣམས་གེགས་མེད་མཐར་ཕྱིན་ངང་འགྲུབ་ཅིང་ཕྱི་སྡོད་གཡར་པོའི་རྒྱལ་ཁབ་གང་དུ་གནས་པའི་ངེད་ཚ་ཞང་རྣམས་རིང་པོར་མི་ཐོགས་པར་ས་གནས་གཅིག་ཏུ་མཉམ་འཛོམས་འོག། ཚེ་ལྷག་གང་ཡོད་སྐྱིད་སྡུག་མཉམ་གནས་ཐུབ་པ་དང་རིང་པོར་མི་ཐོགས་པར་རང་རེའི་སྙིང་དུ་བརྣག་པའི་འདོད་དོན་གཞི་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་བཅས་ཚ་མོ་ཁྱེད་ལ་ཡང་སྐྱར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། ཚེ་རིང་།





1 comment:

  1. བལྟོད་སྔགས་ལ་ཐུགས་རྗེ་ཆེ།

    ReplyDelete