Friday, June 2, 2017

བྷོ་སི་ཊོན་འགྲུལ་བཞུད་སྐབས་སུ་ཚོར་སྣང་།

འདས་ལོ་བདུན་ཙམ་གྱི་རིང་ས་གནས་འདིར་ཆོས་ཕྱོགས་ཀྱི་བྱེད་སྒོ་འགའ་ཞིག་གི་ཆེད་དུ་ཕལ་ཆེར་ལོ་ལྟར་ཡོང་གི་ཡོད། དེ་ནི་ངོས་ཀྱི་འབྲལ་དུ་མེད་པའི་སྙིང་ནས་བརྩེ་བའི་ཨ་མ་ཡེ་ཤེས་དང་། ཕ་དཀོན་མཆོག་དཔལ་བཟང་ནང་མིའི་ཆེད་དང་། མ་ཟད་ས་གནས་འདིར་ང་ཡི་ཆོས་གྲོགས་Ed Hardy ཆོས་མིང་དུ་ཀརྨ་ཤེས་རབ་ཀྱིས་གོ་སྒྲིག་གིས་ཆོས་བཤད་འགའ་ཡི་ཞོར་དུ་ཡོང་བ་ཡིན། ཀརྨ་ཤེས་རབ་ནི་ཉིས་སྟོང་བརྒྱད་ལོར་ཨ་རིའི་མངའ་སྡེ་ཝི་སི་ཀོན་སེའུ་རྒྱལ་ས་Madison ནས་༧གོང་ས་སྐྱབས་མགོན་ཆེན་པོའི་གསུངས་ཆོས་སྐབས་སུ་ངོ་ཤེས་དེ་ནས་བཟུང་སྟེ་ངེད་གཉིས་ཕན་ཚུན་ཆོས་གྲོགས་སུ་གྱུར་བ་མ་ཟད་ངོས་ཀྱི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཞུས་ཤིང་ཆོས་མིང་དུ་ཀརྨ་ཤེས་རབ་ཟེར། ཀརྨ་ཤེས་རབ་ནི་ཡེ་ཤུའི་ཆོས་ལུགས་རིས་མེད་ཀྱི་ཆོས་བཤད་མཁན་ཡིན་ཀྱང་ཁོ་རང་ནང་གི་ཉམས་ལེན་ཚང་མ་ནང་ཆོས་ཡིན།  དུས་དེ་ནས་བཟུང་སྟེ་ཁོང་ནས་ས་གནས་འདིར་ལོ་ལྟར་རེ་ཞིག་ཁོ་རང་གི་ཡེ་ཤུའི་ལྷ་ཁང་church ནང་དུ་ང་ལ་ཆོས་བཤད་ཀྱི་གོ་སྒྲིག་བྱེད་ཀྱི་ཡོད།
ཀརྨ་ཤེས་རབ་བརྒྱུད་ནས་བོད་པའི་ཨ་མ་ཡེ་ཤེས་དང་དཀོན་མཆོག་དཔལ་བཟང་ནང་མི་གཉིས་ཀྱང་མི་གཅིག་བརྒྱུད་ནས་མི་བརྒྱས་ཁ་ཟས་རག་ཞེས་པའི་དཔེ་ལྟར་ངོ་ཤེས་སུ་གྱུར། ཕ་དཀོན་མཆོག་དཔལ་བཟང་ལགས་ནི་ཨ་རིའི་བྷོ་སི་ཊོན་བོད་རིགས་ཐོག་མ་དེ་ཡིན་སྐད་འདུག ལོ་འགའ་ཡི་གོང་ཨ་མ་ཡེ་ཤེས་ཀྱི་གཅུང་མོ་འདས་གྲོངས་སུ་གྱུར་པའི་སྐབས་སུ་ང་ནི་སྟེས་དབང་གིས་རོ་སྔས་ཞེ་དགུའི་བླ་མ་བྱེད་དགོས་བྱུང་། ངོས་ཀྱི་སྐྱེ་ཡུལ་ཁམས་པའི་ལུགས་སྲོལ་ལ་མི་འདས་གྲོངས་སུ་གྱུར་པའི་སྐབས་སུ་འཕོ་བ་རྒྱག་མཁན་དང་བདུན་ཚིག་ཞེ་དགུའི་བླ་མ་ནི་ཤི་གསོན་གཉིས་ཀའི་ངོས་ནས་ཧ་ཅང་གལ་ཆེན་ཞིག་ཏུ་གཙི་སྲོལ་ཡོད། དུས་དེ་ནས་བཟུང་སྟེ་ཨ་མ་ཡེ་ཤེས་ཀྱི་ནང་མི་འདི་ནི་ཆོས་དམ་ཚིག་གི་འབྲེལ་བ་ཟབ་ཅིང་། ཧ་ཅང་སེམས་ཐག་ཉེ་བའི་གཡར་པོའི་ལུང་པ་འདིའི་ནང་དུ་ལས་ཀྱིས་རྙེད་པའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་ཏུ་གྱུར། ཨ་མ་ཡེ་ཤེས་ལགས་ནི་ཆོས་པ་རྣམ་དག་ཞིག་ཡིན་པ་མ་ཟད་སེམས་བཟང་། ཡ་རབས། ཚུགས་ཐུབ། མེད་ན་ཐབས་མེད་མི་ཚང་གི་ཨ་མ་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན། ཕ་དཀོན་མཆོག་དཔལ་བཟང་ནི་ཆོས་པ། སེམས་བཟང་། དྲང་པོ། ཁ་ཐུག། ཧ་ཅང་སེམས་པ་སྤྲོ་སྣང་ཅན་གྱི་མི་ཡ་རབས་ཞིག་ཀྱང་ཡིན། ཁོ་རང་གཉིས་ཀྱི་བུ་མོ་གཉིས་དང་ནང་མི་ཡོངས་རྫོགས་སེམས་བཟང་ཡ་རབས་ཤ་སྟག་རེད་འདུག བུ་མོ་བསྟན་ལྷའི་བུ་ཆུང་བློ་རྣམ་ནི་ལོ་གཅིག་ལྷག་ལས་ཕྱིན་མེད་ཀྱང་བོད་ཀྱི་མཆོད་ཆས་དང་ཐང་སྐུ་སོགས་ལ་ཧ་ཅང་དགའ། ལྷག་པར་དུ་ཌཱ་མ་རུ་དང་དྲིལ་བུ་བཀྲོལ་རྒྱུ་དང་འཛིན་རྒྱུ་ནི་ཁོ་རང་གི་ཆེས་དགའ་ཤོས་ཀྱི་རྩེད་ཆས་དེ་ཡིན། གང་ལྟར་བག་ཆགས་བཟང་པོ་ཅན་གྱི་ཕྲུ་གུ་ཞིག་ཡིན་པ་ཐག་ཆོད་འདུག། ང་ནི་སྤྱིར་ཕ་ས་དང་ལྷག་པར་ཁྱིམ་ཚང་ཁ་བྲལ་དུ་གྱུར་ནས་འདས་པའི་མི་ལོ་ཉི་ཤུའི་རིང་ལ་རྒྱ་གར། བལ་ཡུལ། ཨ་རི་སོགས་གཡར་པོའི་རྒྱལ་ཁབ་མང་པོ་ཞིག་ནང་དུ་བོད་རིགས་ཀྱི་སློབ་མ་དང་གྲོགས་པོ་སོགས་མང་དག་ཞིག་ཡོད་ཀྱང་ང་ནི་ཨ་མ་ཡེ་ཤེས་ལགས་ཀྱི་མི་ཚང་འདིའི་ནང་དུ་ག་དུས་སླེབས་ཀྱང་ཕྱི་སྡོད་གཡར་པོའི་ལུང་པར་ཁྱིམ་ཚང་གཉིས་པའི་ཚོར་བ་དམིགས་བསལ་ཞིག་ཡོང་གི་ཡོད། ལྷག་པར་དུ་ངོས་ཀྱི་ཁ་ཟས་ཆེས་དགའ་ཤོས་ཟྭ་ཐུག་དང་སྲོལ་རྒྱུན་བོད་ཟས་བྲོ་བཅུད་དང་ལྡན་པ་རྣམས་ཁ་ལ་ཞིམ། འགྲོ་ཁར་དབྱར་རྒུན་གྱི་དངུལ་ལེན་དང་སྟོད་ཐུང་མ་ཟད་ལོ་ལྟར་ཕ་མ་གཉིས་རྒྱ་གར་རྡོ་རྗེ་གདན་གནས་སྐོར་སྐབས་སུ་ཉོས་པའི་ཐང་སྐུ་ཕྲེང་བ་ལག་འཁོར་སོགས་རྔན་པ་ཁྱོག་ཚད་གནང་། མི་ཡི་རིན་ཐང་ངོ་མ་ནི་སེམས་ཀྱི་བརྩེ་བ་དེ་ཡིན་སྟབས་ངས་ནི་མི་ཚང་འདིར་ང་ཡི་བརྩེ་བ་ཡོད་ཚད་དེ་དྲིན་བཟོའི་ཆེད་དུ་འབུལ་འདོད་བྱུང་།
ལོ་རེ་ཐེངས་མ་རེ་མཉམ་འཛོམས་སྐབས་སུ་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འདིས་ཟས་གོས་གནས་མལ་དང་ཕར་བསྐྱལ་ཚུར་ལེན་སོགས་བཅོས་མིན་གྱི་དུང་སེམས་དང་སྦྲག་སྣེ་ལེན་ཟབ་རྒྱས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ།། ཡབ་ཡུམ་ཁྱེད་གཉིས་གཙོས་ནང་མི་ཡོངས་ལ་ངས་སྨོན་ཚིག་འདིས་དེ་རིང་གི་ཉིན་ཐོ་དེ་མཇུག་བསྡུ་བ་ཡིན། 

།གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི་། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། 
།ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག

།ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག །ཅི་བསམ་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག 
།བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །མཐར་ཐུག་སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག། 



No comments:

Post a Comment