Thursday, July 6, 2017

ཨ་རིའི་རང་དབང་གི་ཉིན་མོའི་ཚོར་སྣང་།


དེ་རིང་ནི་ཨ་རིའི་རང་དབང་གི་ཉིན་མོ་རེད། སྐྱེ་འགྲོ་སྲོག་ལྡན་ཡོངས་ལ་རང་དབང་ནི་ཧ་ཅང་རྩ་ཆེན་ཞིག་རེད། སངས་རྒྱས་པའི་གཞུང་ལས་ཀྱང་། རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཅེས་གསུངས་ནས་སྡོམ་ཚིག་རྒྱབ་ཡོད། ང་ནི་ལོ་རབས་དྲུག་བཅུ་ལོའི་ནང་བོད་ཁམས་ཡོངས་ལ་ནད་མུག་མཚོན་གྱི་བསྐལ་ངན་གྱི་དུས་ཟིང་དེའི་ནང་དུ་སྐྱེས་ཤིང་དེ་ནས་བཟུང་སྟེ་བོད་ཆོལ་ཁ་གསུམ་རང་དབང་གི་བདེ་བ་རླག་ནས་ད་བར་མི་ལོ་དྲུག་བཅུ་མ་ཟིན་ཙམ་སོང་ཡོད། འདས་པའི་ཁྱུད་འཁོར་ལོ་མོའི་བརྒྱུད་རིམ་ཁྲོད་སོ་སོའི་སྒེར་གྱི་དངོས་སུ་མྱོང་ཚོར་གྱིས་སྐྱ་སེར་དྲག་ཞན་མེད་པར་མི་ཚང་མར་རང་དབང་དེ་ཧ་ཅང་གལ་ཆེན་དུ་མཐོང་། ༡༩༩༧ ལོར་ཕ་གཞིས། མི་ཚང་། སྡེ་དགོན། བླ་མ། ཆོས་གྲོགས་སོགས་ཚང་མ་མི་འདོད་བཞིན་དུ་རྒྱབ་ཏུ་བཞག་ནས་རྒྱ་བལ་སོགས་ལ་ཁྱི་སྡོམ་བཞིན་འཁྱམས་ཞིང་ཚ་བའི་ལུང་པར་ལྟོ་སྐྱ་གོས་ཧྲུལ་གྱིས་ལོ་འགའ་འཚོ་དགོས་བྱུང་། སྟོང་ལོ་བཅུ་གསུམ་ལོར་རང་དབང་ལྡན་པའི་སྟོབས་ཆེན་ཨ་རིའི་ལུང་པ་འདིར་སྐྱབས་བཅོལ་མགོ་གཏགས་ཞུས། དེ་ནས་བཟུང་གཞན་གྱི་བརྙས་བཅོས་ཀྱི་ཞྭ་མོ་ཕུད་ཅིང་། བཙན་གནོན་གྱི་ལྕགས་སྒྲོག་ལས་ཐར་ནས་དོན་ངོ་མའི་རང་དབང་གི་འཚོ་བར་རོལ་རྒྱུ་བྱུང་། དེ་ནི་མི་ཚེའི་རིན་ཐང་ཆེ་ཤོས་ཡིན་པ་མ་ཟད་མེད་དུ་མི་རུང་བའི་དགོས་མཁོ་གལ་ཆེན་ཞིག་ཀྱང་ཡིན། དེ་རིང་གི་ཉིན་མོ་འདི་ནི་ཨ་རིའི་ལུང་པ་འདི་ཉིད་ཀྱང་ང་ནང་བཞིན་ནུབ་ཕྱོགས་དབྱིན་ཇིའི་དཔུང་འོག་ལས་བཅིངས་གྲོལ་ཐོབ་ནས་མི་ལོ་ཉིས་བརྒྱ་ཞེ་དྲུག་ཏག་ཏག་འཁོར་བའི་དུས་ཆེན་འདི་ངས་ཀྱང་སྲུང་བརྩི་སྟབས་བདེ་ཞིག་བྱས་ནས་སྐར་མས་བཀང་བའི་རྒྱལ་དར་དེ་ཉིད་ཆོས་ཚོགས་ཀྱི་སྒོ་འགྲམ་དུ་འཕྲེད་སླང་བྱས། གང་ཡིན་ཟེར་ན་ལུང་པར་བསྡད་ན་ཡུལ་ཁྲིམས་ཁུར་དགོས་ཞེས་པ་ལྟར་མ་ཟད་ལོ་མཇུག་འདིར་ང་ཡང་ཨ་རིའི་མི་སེར་ཆགས་ཀྱི་ཡོད། ལུང་པ་འདིར་སླེབས་ནས་བཟུང་སྟེ་དམངས་གཙོའི་རང་དབང་གི་བདེ་སྐྱིད་ཟེར་བ་དེ་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་ངོ་མར་ལོངས་སྤྱོད་རྒྱུ་བྱུང་། ང་ནི་ལུང་པ་འདིའི་རྩ་ཁྲིམས་ལ་ཧ་ཅང་དགའ་དཔེར་ན་རྩ་ཁྲིམས་ཨང་གྲངས་བཅུ་གཉིས་པའི་ནང་ 
Everyone must follow the law.Leaders must obey the law.Govermment must obey the law.No one is above the law.
རྩ་ཁྲིམས་ཨང་བཅུ་པའི་ནང་། you can practice any religion,or not practice a religion.
རྩ་ཁྲིམས་འདིའི་ནང་དུ་ཧ་ཅང་ཡག་པོ་འདུག གང་ལྟར་ས་གནས་འདིར་འབྱོར་ནས་བཟུང་སྟེ་རྒོད་པོའི་གཉའ་གནོན། སྡེ་བའི་དཔུང་ངོམས། བཙན་པོའི་ཐུབ་ཚོད་སོགས་གཟེད་མ་དགོས་པར་རང་དབང་གི་འཚོ་བ་ངོ་མ་ཞིག་ལ་རོལ་རྒྱུ་བྱུང་། ཐུགས་རྗེ་ཆེ་འཐོར་བསྡུས་ཀྱི་དམངས་གཙོའི་ལུང་པ། ཁྱེད་ཁ་ལུས་རླུང་རྟ་དར་བའི་སྨོན་ལམ་ཡོད། ཁྱེད་རྒྱལ་ལོ། དམངས་གཙོ་རྒྱལ་ལོ། རང་དབང་རྒྱལ་ལོ།།   

No comments:

Post a Comment