Tuesday, September 26, 2017

བསང་མཆོད་བྱས་པའི་ཉིན་མོ།



དེ་རིང་གི་ལས་ཀ་ནི་ཆོས་ཚོགས་ཀྱིས་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ས་གནས་འདི་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཁར་མེལ་ཝ་ལེས་ལ་ཡོད་པའི་ངོས་ཀྱི་དགེ་ཕྲུག་འབྱོར་ལྡན་ཞིག་གི་ས་ཆ་རུ་སོང་། ས་ཆའི་དབྱིབས་དང་ཁོར་ཡུག་གནམ་གཤིས་སོགས་གུས་པའི་སྐྱེ་ཡུལ་ནང་ཆེན་མདོ་ཁམས་གཞུང་དང་ཅུང་འདྲ་བོ་འདུག ཉིན་མོ་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནི་སྔ་དྲོ་རི་བོ་བསང་མཆོད་དང་། ཕྱི་དྲོའི་ཆོས་ཐུན་ལ། སེམས་དམིགས་པའི་གནད་ཐབས་དགུ་ཡི་འགྲེལ་བཤད་བྱེད་རྒྱུ་དེ་ཡིན། ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ཆོས་ཚོགས་ནས་ཤར་བསྐྱོད་ཀྱིས་ས་གནས་དེར་སོང་བས་མི་གྲངས་བཞི་བཅུ་མ་ཟིན་ཙམ་ཞིག་སླེབས་འདུག དེ་རིང་གི་ཆོས་བཤད་ས་ནི་ཟླུམ་གུར་ཆར་གདུགས་ཁ་སྦུབ་པ་ལྟར་རས་གུར་སྤུས་ལེགས་ཆེན་པོ་ཞིག་གི་ནང་དུ་རེད་འདུག། ཆོས་ཚོགས་འགན་འཛིན་རེའི་ཆོ་འམ་ཆོས་མིང་དུ་ཡེ་ཤེས་ལྷ་སྒྲོན་དང་གཞན་རྒྱུན་ལས་འགའ་ཡིས་གྲ་སྒྲིག་ལ་ཟིང་བཞིན་པའི་སྐབས་ངས་ཀྱང་མཆོད་གཤམས་དང་སླ་ལས་འགའ་ལ་རོགས་པ་བྱས། ཆུ་ཚོད་དགུ་པའི་སྐབས་སུ་མི་མང་ལ་བསང་གི་དགོས་པ་དང་རྒྱུ་མཚན་ཕན་ཡོན་སོགས་མདོར་བསྡུས་འགྲེལ་བཤད་གྲུབ་ནས་ཕྱི་ལོགས་སུ་ཚང་མས་བོད་ཀྱི་སྐད་གདངས་ཐོག་རི་བོ་བསང་མཆོད་མཉམ་དུ་བཏོན། བསང་ཐབ་ཏུ་དཀར་གསུམ་མངར་གསུམ་གྱིས་སྤུད་པའི་བསང་རྫས་དང་གསེར་སྐྱེམས་སོགས་མཆོད། གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་གསེར་སྐྱེམས་ཀྱང་བཏོན། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་མཛད་པའི་རི་བོ་བསང་མཆོད་འདི་ལ་བསང་ཆོག་གཞན་ལས་ཀྱང་ཁྱད་ཆོས་ཧ་ཅང་མང་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཡང་འགའ་ཤས་ཀྱིས་བཀའ་བརྒྱུད་པའི་ཕྱོགས་ལ་དམ་སེལ་ཡོད་སྐད་ཀྱིས་འདོན་མཁན་ཉུང་། ཉིན་རྒྱབ་སེམས་དམིགས་པའི་གནས་ཐབས་དགུ་ལ་ཁོ་བོས་སྔ་ལོར་བྲིས་པའི་འགྲེལ་བཤད་དེའི་ཐོག་ནས་དོན་འགྲེལ་གང་ཤེས་བྱེད་ཁུལ་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། མཐར་དྲི་བ་དྲི་ལན་སོགས་ཀྱིས་དེ་རིང་ཉིན་གཅིག་གི་ཆོས་ཕྱོགས་བསྒྲུབ་བྱ་རྣམས་བདེ་བླག་ཏུ་གྲུབ་ནས་དགོང་མོ་རང་ཁྱིམ་དུ་བདེ་བར་འབྱོར།

No comments:

Post a Comment