Friday, January 19, 2018

རྡོར་གདན་གནས་མཇལ་དང་གསུངས་ཆོས།

ཉེ་ཆར་ཨ་རིའི་མི་སེར་དུ་གྱུར་ནས་ཕྱི་བསྐྱོད་ལག་ཁྱེར་རག་ནས་ཡུན་རིང་ཁ་བྲལ་དུ་སོང་བའི་སྤུན་མཆེད་ཆོས་གྲོགས་རྣམས་ལ་ཐུག་འཕྲད་ཀྱི་ཕྱིར་དུ་རྒྱ་གར་ལ་བདེ་འབྱོར་བྱུང་། མ་ཟད་གནས་ཁྱད་པར་དུ་འཕགས་པ་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་པ་དང་རྒྱས་འགྱུར་གྱི་གནས་མཆོག་རྡོ་རྗེ་གདན། སྟོན་པ་ཁྱད་པར་དུ་འཕགས་པ་ཕྱི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ་མ་ཉམས་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་ལྡན་པའི་རྩོད་དུས་ཀྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རྒྱལ་བ་ཡིད་བཞིན་ནོར་བུ། དམ་ཆོས་ཁྱད་པར་དུ་འཕགས་པ་བདེན་བཞིའི་ཆོས་ཀྱི་འཁོར་ལོའི་མདོ་དང་། རྟེན་འབྲེལ་བཅུ་གཉིས་གསལ་བར་སྟོན་པའི་སཱ་ལུ་ལྗངས་པའི་མདོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། འཕགས་པ་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ། དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཟབ་ཆོས་རྨད་དུ་བྱུང་བའི་ཆོས་གྲལ་དུ་གུས་པ་བདག་ཀྱང་སྙེགས་རྒྱུ་བྱུང་བ་ནི་ཧ་ཅང་བསྐལ་པ་བཟང་པོ་བྱུང་། བོད་ཀྱི་ཁ་དཔེར། བཟང་པོའི་ཞོར་དུ་ཇ་ཆང་ཞེས་པའི་དཔེ་ལྟར་གནས་སྐོར་དང་གསུངས་ཆོས་མཉམ་དུ་མི་ལོ་ཉི་ཤུའི་རིང་ཡུན་རིང་ཁ་བྲལ་དུ་སོང་བའི་ངོས་ཀྱི་སྲིང་མོ་ཆུང་བ་དེ་ཉིད་ཀྱང་སྲོག་བློས་གཏང་ནས་བོད་ནས་ཕེབས་པས་གནས་ཆེན་འདིར་དངོས་སུ་མཇལ་བས་ཕན་ཚུན་ཤི་གསོན་འཕྲད་པ་ལྟར་ཧ་ཅང་དགའ་བོ་བྱུང་། ཆོས་མཚམས་ཀྱི་བར་གསེང་སྐབས་སུ་དམ་ཚིག་བརྩེ་གདུང་གི་མདུད་པ་མ་ལྷོད་པའི་བཀའ་བརྒྱུད་པའི་མཁན་པོ་དང་དགེ་ལུགས་པའི་དགེ་བཤེས་གྲྭ་བཙུན་ཆོས་གྲོགས་རྣམས་ནས་ཀྱང་མ་མཇལ་ཡུན་རིང་བས་གུས་པར་ཐུག་འཕྲད་ལ་འཚང་ཁ་ཤིག་ཤིག་རེད་འདུག བོད་ནས་ཕེབས་པའི་སྤུན་མཆེད་རྣམས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཟ་མ་རྩམ་པ་དང་། གཡག་ཤ། ཐུད། མར། གྲོ་མ་སོགས་རྔན་པས་འཇོག་ས་མ་ལོན་པར་བྱས། ཨ་རིའི་བྷོ་སི་ཊོན་ལ་གཏན་བཞུགས་གནང་མཁན་ནང་མི་ལྟར་ཧ་ཅང་གཅེས་པའི་ཨ་མ་ཡེ་ཤེས་དང་ཕ་དཀོན་མཆོག་རྒན་གོག་གཉིས་ཀྱི་ཁང་པ་ཉོས་འདུག་པས་གནས་ཚང་གཡར་བས་ཧ་ཅང་སྐྱིད་པོ་བྱུང་། ས་གནས་འདིར་མ་ཕྱིན་ནས་མི་ལོ་དགུ་ཏག་ཏག་རེད་འདུག། ཕྱི་ནང་གི་འཁོར་ཡུག་ཆ་རྐྱེན་སོགས་གང་ཐད་ནས་ཡར་རྒྱས་ཧ་ཅང་ཡག་པོ་ཕྱིན་འདུག རྡོར་གདན་མཆོད་རྟེན་ནང་ལོགས་སུ་ཡོང་ནས་ཁ་འདོན་དང་སྨོན་ལམ་སྒོམ་རྒྱག་མཁན་རྣམས་ནི་མི་རིགས་མ་འདྲ་བ་དང་ཆོས་ལུགས་མ་འདྲ་བ་ཆ་ལུགས་མ་འདྲ་བ་མཐོང་རྒྱུ་འདུག ང་ནི་དུས་ཚོད་གང་ཁོམས་ལ་བྱང་ཆུབ་ལྗོན་ཤིང་བསིལ་གྲིབ་ཏུ་འདུག་ནས་ཁ་འདོན་བྱེད་རྒྱུ་ནི་ང་ཡི་ཆེས་དགའ་ཤོས་དེ་ཡིན། སྤྱིར་གཏང་གང་ཟག་གིས་གནས་བྱིན་གྱིས་རླབས་པ་དང་། གནས་ཀྱིས་གང་ཟག་བྱིན་གྱིས་རླབས་པ་གཉིས་སུ་སྣང་ཡང་རྡོ་རྗེ་གདན་མཆོད་རྟེན་འདིས་ནི་ངེས་པར་གནས་ཀྱིས་གང་ཟག་བྱིན་གྱིས་རློབས་ཐུབ་མཁན་ཞིག་རེད་འདུག དེ་ནི་ལུས་ཡིན་ཏེ་མངའ་བདག་མར་པ་ལོ་ཙཱས་ཀྱང་། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། འཆི་བ་སྲོག་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། བླ་མ་ནཱ་རོ་པ་ཡང་རྒྱ་གར་ལ་བཞུགས།། རྟེན་མ་ཧཱ་བྷོ་དྷི་ཡང་རྒྱ་གར་ལ་བཞུགས།། ཞེས་གསུངས་ནས་ཡིད་སྨོན་དབང་མེད་དུ་ཤོར་སའི་གནས་ཆེན་འདི་ཡིན་ནོ། ལྷག་པར་དུ་ཆེས་བྲེལ་ཟིང་བའི་དུས་ཚོད་འདིར་ངོས་རང་ལ་བཀའ་དྲིན་ཟླ་མེད་སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ཟུར་མཇལ་ཐུང་ཙམ་ཞིག་ཐོབ་པས་ཆེས་བསྐལ་པ་བཟང་པོ་བྱུང་། དེ་ནི་ཉམས་ཆུང་ང་ལ་བྱང་ཆུབ་སེམས་དཔས་དམན་ལ་ལྷག་པར་བརྩེ་བ་ཆོས་ཉིད་ལྟར་ལུས་ཡིན་བསམ། ལར་ནི་གུས་པའི་དད་པ་དང་དམ་ཚིག་འགྱུར་བ་མེད་པའི་དན་རྟག་གི་འབྲས་བཟང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་ཚེས་བཅུ་བདུན་ཉིན་པུར་ནེའི་གནམ་ཐང་རྒྱུད་ནས་ལྡི་ལིའི་གནམ་ཐང་དུ་བདེ་འབྱོར་བྱུང་། ལྡི་ལིའི་གནམ་ཐང་ནས་གླ་བྱེད་རླངས་འཁོར་ཞིག་ལ་ཧིན་སྒོར་བཞི་བརྒྱ་སྤྲད་ནས་བོད་སྒར་བསམ་ཡས་གླིང་ལ་ཡོང་ནས་ངོས་ཀྱི་ཚ་མོས་མགྲོན་ཁང་སྔ་ལེན་བྱས་འདུག་པས་དེར་བསྡད། བསམ་ཡས་གླིང་ཟེར་བའི་བོད་གནས་འདུས་སྡོད་ཀྱི་ས་ཚིག་འདི་ནི་ས་རྒྱ་ཆུང་ཆུང་ཞིག་གི་ཐོག་ཏུ་དགོན་པ་དང་ཚོང་པ་སོགས་འབྱོར་ལྡན་མང་པོས་མགྲོན་ཁང་དང་། ཟས་ཁང་། ཚོང་ཁང་། དགོན་པ། ཚོགས་པ་ཁག་འདྲ་མིན་བོད་ཀྱི་ཆོས་སྲིད་ཚོང་འབྲེལ་སོགས་ཀྱི་ས་ཚིག་ཁྱད་པར་ཅན་ཞིག་ཡིན། ང་ནི་ས་གནས་འདིར་མ་འབྱོར་ནས་མི་ལོ་དྲུག་ཙམ་ཞིག་ཡིན་པས་དེ་རིང་གི་མཐོང་བའི་བསམ་ཡས་གླིང་འདི་ནི་སྔར་དང་མ་འདྲ་བ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་འདུག ས་གནས་འདིར་འབྱོར་རིང་ཚ་མོས་སྣེ་ལེན་གང་དྲག་དང་མ་ཟད་ཉིན་གཅིག་རྒྱལ་ས་ལྡི་ལིའི་ཐག་ཉེར་ཡོད་པར་དུས་རབས་ཉི་ཤུ་པའི་འཚེ་མེད་ཞི་བའི་དེེད་དཔོན་ཆེན་པོ་མ་ཧཱ་གན་དྷི་ཆེན་པོ་སྐུ་ཕུང་ཞུགས་འབུལ་བྱེད་སའི་ཧ་ཅང་མཛེས་ཞིང་ཡིད་དུ་འོང་བའི་སྐྱེ་མོས་ཚལ་དུ་སྤྲོ་འཁྱམས་ལ་སོང་བས་ཧ་ཅང་དཔེ་མེད་སྐྱིད་པོ་བྱུང་བས་ཚ་མོ་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།