Sunday, May 13, 2018

རྒྱལ་གཅེས་ཨ་མའི་དུས་ཆེན་ཉིན་མོར་ངོས་ཀྱི་ཨ་ཕའི་སྐོར་གླེང་བ།

ཤིང་ཕོར་དམར་སྨུག་དང་འབྲེལ་བའི་ཕ་རྒན་དྲིན་ཅན་གྱི་སྐོར། 
དེ་རིང་ནི་ཤིང་ཕོར་དམར་སྨུག་དང་འབྲེལ་བའི་ང་ཡི་སྐྱེས་བྱེད་ཡབ་ཆེན་དམ་པའི་སྐོར་ཉིན་ཐོའི་ཚུལ་དུ་འབྲི་འདོད་བྱུང་། 
ཁྱོད་རང་ག་དུས་ང་ཡི་ཐབ་ཚང་ནང་དུ་ཡོང་ནའང་ཤིང་ཕོར་ཆེ་ཆུང་མང་པོ་མཐོང་རྒྱུ་ཡོད། དེ་ནི་ང་ཡི་ཕ་འདས་པོ་བཀའ་དྲིན་ཅན་དེའི་དྲན་རྟེན་གྱི་ཆེད་དུ་རྒྱ་གར་དང་བལ་ཡུལ་སོགས་ནས་ཉོས་པ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། ཕ་འདས་པོའི་ཕོར་པ་དེ་ཤིང་ཕོར་ཞིག་རེད། ཁོ་རང་གི་མིང་ལ་སྦོ་སྦོ་བཀྲ་ཤིས་ཟེར། སྤྱིར་གཏང་བོད་པའི་མིང་ཚང་མར་དོན་ཡག་པོ་རེ་གོ་རྒྱུ་ཡོད་པ་ཤ་སྟག་ཡིན་ཀྱང་། ང་ཡི་ཕ་མིང་དང་པོ་སྦོ་སྦོ་ཟེར་ན་རྒྱུ་མཚན་གང་ཡིན་པ་ངས་ཀྱང་གསལ་པོར་མ་ཤེས། ཚོད་དཔག་བྱས་ན་ཁོ་རང་གི་མ་ཡིས་གཅེས་མིང་དུ་གཏགས་པ་ཞིག་མིན་ནམ་བསམ། ཐ་མའི་མིང་བཀྲ་ཤིས་ནི་ལེགས་པ་དང་དགེ་བ་སོགས་ཡག་པོ་ཞིག་ལ་གོ། གང་ལྟར་ཕ་འདས་པོའི་ནམ་རྒྱུན་ཤིང་ཕོར་དམར་སྨུག་་ཞིག་ཡོད་པ་དེ་ག་དུས་ཡིན་ཀྱང་བེད་སྤྱོད་བྱེད་ཀྱི་ཡོད། བཟའ་བཏུང་གང་བྱེད་ཀྱང་ཤིང་ཕོར་དེ་རང་བེད་སྤྱོད་གནང་གི་ཡོད་སྟབས་ང་ཡི་མིག་ལམ་ལ་ད་དུང་ཁོང་གི་ཤིང་ཕོར་དང་ཞལ་རས་ཀྱི་འཛུམ་མདངས་ཁ་སྤུ་རིང་པོ་དེ་རྣམས་ཡིད་ལ་ཝལ་ལེར་གསལ་འདུག སྤྱིར་གཏང་མི་ཡི་དྲན་རྟེན་ངོ་མ་ནི་འདྲ་པར་ཡིན་ཀྱང་སྐབས་དེ་དུས་བོད་ཀྱི་ས་གནས་གང་དུ་སོང་ཀྱང་པར་ཆས་མཐོང་རྒྱུ་མེད་སྟབས་ཕ་རྒན་གྱི་པར་གྱི་དྲན་རྟེན་གྱི་ཚབ་ཏུ་ཤིང་ཕོར་འདི་ཉར་བ་ཡིན། ང་ཡི་ཕ་འདས་པོ་དེ་ནི་ང་ཡི་མི་ཚེར་བཀའ་དྲིན་ཆེ་ཤོས་དེ་ཡིན། ཁོང་ནི་ང་ཡི་ཕ་ཡིན་པ་མ་ཟད་མ་ཡང་ཡིན། ང་སྐྱེས་ནས་ཟླ་གསུམ་ཙམ་ནས་ང་ཡི་དྲིན་ཆེན་གྱི་ཨ་མ་དང་ཨ་ཞང་བཅས་ནང་མི་འགའ་རྒྱ་ནག་དམར་གཞུང་གི་དྲག་གནོན་དང་མནར་གཅོད་འོག་མུག་ཤིར་ཐེབས། སྐབས་དེ་དུས་ང་ཡི་ཕ་ལོ་ཆུང་ཆུང་རེད། རྗེས་ནས་ངས་གོ་ཚུལ་ཞིག་ལ་ང་ཡི་ཨ་མ་གྲོང་ཚར་སྐབས་ལུང་པའི་མི་རྣམས་ཀྱིས་ང་ཡི་ཕ་ལ་ཁྱོད་རང་ཡང་སྐྱར་གཉེན་སྒྲིག་བྱོས་ཞེས་བསླབ་བྱ་མང་པོ་བྱས་ཀྱང་མ་ཉན་པའི་སྐད་ཆ་འདུག དེ་ནི་བོད་ཀྱི་ལུགས་སྲོལ་ལ་ཁྱེད་རང་གི་གཟའ་ཟླ་འདས་མོར་གུས་ཞབས་དང་། གལ་སྲིད་གཟའ་ཟླ་གཉིས་པར་བྱུང་ན་ཁྱེད་རང་གི་ཕྲུག་གུ་རྣམས་ལ་དེ་ཙམ་ཡག་པོ་མེད་སྐད་འདུག དེའི་སྟབས་ཀྱིས་ཆང་ས་མ་རྒྱབ་པར་ཕ་རྒན་དྲིན་ཅན་འདིས་ངེད་དྭ་ཕྲུག་མིང་སྲིང་རྣམས་མུག་ཤིར་ཐེབས་མ་བཅུག་ནས་བདག་སྐྱོང་གནང་བས་ད་ལྟ་འཛམ་གླིང་འདིའི་སྒང་ནས་གསོན་པོར་འགྲོ་རྒྱུ་ཡོད་པ་དེ་ནི་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་བྱུང་བ་ཡིན། སྐབས་དེ་དུས་བོད་ཀྱི་གནས་སྟངས་དེ་ཕྱི་དྲན་བྱས་ན་སྙིང་རྩ་འདར་དགོས་པ་དེ་འདྲ་རེད། ༡༩༥༩ རྗེས་ནས་ལོ་མང་རིང་ནད་མུག་སོགས་ཀྱིས་རྐྱེན་ནས་མི་མང་པོ་མུག་ཤི་ཐེབས་ཀྱི་ཡོད་པ་རེད། དུས་ངན་ཛ་དྲག་དེ་འདྲའི་གནས་སྐབས་སུ་གཟའ་ཟླ་མེད་པའི་ཕོ་ཧྲེང་ཞིག་གིས་ངེད་མིང་སྲིང་རྣམས་མུག་ཤིར་ཐེབས་མ་བཅུག་པར་གསོ་སྐྱོང་གནང་ཐུབ་པ་དེ་ནི་སྐབས་དེ་དུས་བོད་ཀྱི་གནས་སྟངས་ལ་དཔག་ན་ཧ་ལས་དགོས་པ་རེད། ཕ་རྒན་འདས་པོ་ཁོ་རང་ཡང་བཙོན་ཁང་ནང་དུ་ལོ་དགུར་བསྡད་དགོས་བྱུང་བ་རེད། གང་ལྟར་ཀྱང་ངས་ཕ་རྒན་དྲིན་ཅན་དེས་བཀའ་དྲིན་ནི་སྐྱེ་བ་འདི་དང་མ་ཟད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་བརྗེད་མི་སྲིད་པ་ཞིག་ཡིན། དེ་དང་མ་ཟད་ཕ་རྒན་འདི་ནི་ང་ལ་ནང་ཆོས་ཀྱི་དགེ་རྒན་ཆེས་ཐོག་མ་དང་ཕན་ཐོག་ཆེ་ཤོས་ཅན་དེ་ཡིན། གང་ཡིན་ཟེར་ན་ཁོང་གིས་བོད་ཡིག་ཡག་པོ་ཀློག་ཐུབ་ཀྱི་ཡོད་པས་ང་ལ་བོད་ཡིག་བསླབ་གནང་བ་རེད། སྐབས་དེ་དུས་ང་ཕལ་ཆེར་ལོ་དྲུག་ཙམ་ཡིན། ངས་ད་ལྟ་ཡང་དྲན་གི་འདུག ངེད་མིང་སྲིང་ཚང་མ་དགོང་ཟས་ཐེབས་ཆག་རེ་ཟོས་ཚར་དུས་ཕ་རྒན་ནས་ང་ཚོར་སྒྲོལ་མ་དང་། གུ་རུ་རིན་པོ་ཆེའི་གསོལ་འདེབས་བར་ཆད་ལམ་སེལ། བསམ་པ་ལྷུན་འགྲུབ། བདེ་ཆེན་སྨོན་ལམ་སོགས་ངག་ཐོག་ནས་བསླབ་མྱོང་། མ་ཟད་སྐབས་རེ་ཕ་ཡིས་སངས་རྒྱས་ཀྱི་སྐྱེ་རབས་ལོ་རྒྱུས་ཐར་ཐོར་འགའ་རེ་དང་། མི་ལ་རས་པའི་རྣམ་ཐར་སྐོར་བཤད་ཀྱི་ཡོད། སྐབས་དེ་དུས་གང་བསླབ་པ་རྣམས་ད་ལྟ་ཡང་བརྗེད་མི་འདུག དེ་དུས་བོད་ལ་དགོན་པ་དང་བླ་གྲྭ་ཕལ་ཆེར་མཐོང་རྒྱུ་མེད། གལ་སྲིད་རྒྱ་ནག་གཞུང་གིས་ང་ཚོའི་ཆོས་བྱེད་ཀྱི་ཡོད་པ་ཤེས་ན་སྲོག་ཐོག་དང་ཡང་ན་བཙོན་ཁང་ནང་ལ་འགྲོ་དགོས། སོ་སོའི་ནང་དུ་ཆོས་བྱེད་ནས་མཆོད་མེ་སྦར་གྱི་ཡོད་ན་ངེས་པར་དུ་དང་པོ་སྒོ་དང་སྒེའུ་ཁུང་ཚང་མ་སྒོ་རྒྱག་དགོས། མཆོད་མེའི་འོད་ཕྱི་ལོགས་ནས་རྒྱ་ནག་ལས་བྱེད་པ ས་མཐོང་ན་སང་ཉིན་ནས་ཁྱེད་རང་ལ་མི་མང་གི་དབུས་སུ་འཐབ་རྩོད་དང་སྡུང་རྡེག་མནར་བཅོད་བསམ་ཡུལ་ལས་འདས་པ་ཡོང་བས་ངེས་པར་གཟབ་ནན་བྱེད་དགོས་ཡོད།ཕ་རྒན་ནི་ཆོས་པ་ཡང་དག་ཞིག་ཡིན་པས་ནམ་རྒྱུན་ཁ་འདོན་དང་སྒོམ་སོགས་བྱེད་རྒྱུ་ལ་ཧ་ཅང་དགའ། མའོ་ཙེ་ཏུང་ཤི་རྗེས་ཆོས་ལུགས་ཅུང་གུ་ཡངས་སུ་སོང་བའི་སྐབས་སུ་ངོས་ཀྱི་ཕ་རྒན་ནི་ཆོས་ཀྱི་ལམ་དུ་ཞུགས། ནམ་རྒྱུན་མ་ཎི་ལག་འཁོར་དང་ཕྲེང་བ་ལག་ཏུ་འབྲལ་བ་མེད། སྟབས་མ་ལེགས་པ་ཞིག་ལ་ཁོང་ལོ་བརྒྱད་བཅུ་གྱ་ལྔའི་སྐབས་སུ་ཕོ་བའི་ནད་ཀྱིས་སྙུང་། ངས་ཟླ་བ་གཅིག་རིང་ཉིན་མཚན་ཀུན་ཏུ་ཞབས་ཕྱི་དང་ནད་གཡོག་ཧ་ཅང་ཡག་པོ་བྱས། ཉིན་གཅིག་ངས་ཁོང་གྲོང་བསེབ་སྨན་ཁང་ཆུང་ཆུང་ཞིག་ཡོད་པས་དེར་ཁོང་འཁྲིད་གྲབ་བྱས་པ་ཡིན་ཁོང་ནས་འདི་ལྟར་ཟེར། ང་ཁྱོད་རང་གི་པང་དུ་ཤི་གི་ཡིན། ང་སྨན་ཁང་ནང་དུ་མ་འཁྲིད་རོགས། ང་སྨན་ཁང་ནང་དུ་ཤི་འདོད་མེད་ཅེས་གསུངས་ནས་སྨན་ཁང་ལ་འགྲོ་མ་སོང་། དུས་རྒྱུན་ང་ཁོ་རང་གི་འཁྲིས་སུ་བསྡད་ནས་ནད་པ་དང་རྒན་གོག་ལ་དགོས་པའི་སྙན་པའི་གཏམ་སྨྲ་བ་དང་བྱམས་སྐྱོང་ནད་གཡོག་སོགས་ཡག་པོ་བྱེད་ཀྱི་ཡོད། ཁོ་རང་འཆི་ཁ་ཆེས་དགའ་ཤོས་དེ་ནི་སྐབས་དེ་དུས་ང་དགོན་པའི་ནང་གི་མཁན་པོའི་མིང་ཐོབ་ཚར་ནས་ཚང་མས་ང་ལ་གདེངས་འཇོག་ཆེན་པོ་བྱེད་བཞིན་པ་དངོས་སུ་མིག་གིས་མཐོང་བ་དེ་རེད། ཁོ་རང་གི་དམིགས་ཡུལ་མཐར་ཐུག་དེ་ང་གྲྭ་པ་ཡག་པོ་ཡོང་རྒྱུ་དེ་རེད། ཁོ་རང་འཆི་ཁ་དམིགས་ཡུལ་དེ་ལེགས་གྲུབ་བྱུང་བས་ཁོ་རང་ཧ་ཅང་དགའ་བོ་བྱས་སོང་། ད་ང་ཤི་ཡང་བློ་བདེ། འགྱོད་པ་གང་ཡང་མེད་ཅེས་ཡང་ཡང་ཟེར་གྱི་འདུག ངས་ནམ་རྒྱུན་ཨ་མས་ཕྲུ་གུར་ལྟ་སྐྱོང་གནང་བ་ནང་བཞིན་ཕ་ཡི་མགོ་བོ་ང་ཡི་པང་དུ་བཞག་ནས་ཁ་ནང་དུ་ཟས་སྟེར་བ་དང་ཆུ་བླུགས་པ་སོགས་བྱེད་ཀྱི་ཡོད། ཉིན་གཅིག་ངེད་མིང་སྲིང་ཡོངས་ནས་མཐའ་སྐོར་བཞིན་ངས་ཕ་ཡི་དབུ་ང་ཡི་པང་དུ་བླངས་ནས་སྐད་ཆ་བྱེད་བཞིན་པའི་སྐབས་སུ་ཕ་རྒན་གྱི་དབུགས་སྣ་ཇེ་ཐུང་དུ་སོང་ནས་ཞལ་འཛུམ་མདངས་དང་ལྷན་ང་ལ་གཟིགས་བཞིན་དབུགས་ཆད་སོང་། བོད་ནས་ཕ་མ་གྲོང་བའི་སྐབས་སུ་ཞགས་ཞེ་དགུའི་རིང་ཕ་མའི་སྐུ་གདུང་ནང་དུ་ཉར་ནས་འདས་མཆོད་བྱེད་སྲོལ་ཡོད་པ་བཞིན་ངས་ཀྱང་ཕ་རྒན་གྱི་སྐུ་གདུང་ཞགས་ཞེ་དགུའི་རིང་ནང་དུ་ཉར་ནས་བདུན་ཕྲག་རེར་བླ་མ་རྣམས་གདན་འདྲེན་ཞུ་ནས་འཕོ་བ་བྱེད་པ་དང་། ཁྱིམ་མཚེས་ཀྱི་མི་སོགས་ཡོང་ནས་སྨོན་ལམ་མཉམ་འདོན་བྱེད་སྲོལ་ཡོད་པས་དེ་བཞིན་བྱས། བོད་ས་མཐོ་བོ་ཡིན་ཙང་སྐུ་གདུང་ལ་དྲི་མ་ཁ་བ་དང་རུལ་བ་སོགས་གང་ཡང་ཡོང་གི་མེད། མཐར་ཁོ་རང་གི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ནས་གཙང་སེལ་བྱས། དེ་ནི་ང་རྒྱ་གར་ལ་སྐྱབས་བཅོལ་དུ་མ་ཡོང་བའི་སྔ་ལོར་༡༩༩༦ ལོར་རེད། གང་ལྟར་ཀྱང་ཕ་རྒན་འདས་པོ་བཀའ་དྲིན་ཅན་དེས་ངེད་དྭ་ཕྲུག་མིང་སྲིང་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ལྷག་པར་དུ་ཁོང་ནས་ང་ལ་དམིགས་བསལ་གྱི་བརྩེ་བ་ཧ་ཅང་ཆེ། དེ་ནི་ང་ཚོ་མིང་སྲིང་བཞིའི་ནང་ནས་ང་ཆུང་ཤོས་དེ་ཡིན་སྟབས་ཡིན་རྒྱུ་རེད་བསམ། ང་ལ་བུ་སྤུན་ཆེ་བ་གཉིས་དང་སྲིང་མོ་གཅིག་བཅས་མིང་སྲིང་བཞི་ཡོད། སྤུན་མཆེད་ཆེ་བ་དེ་དགེ་ལུགས་པའི་བླ་མ་ཞིག་རེད། སྐབས་རེ་ང་ཡི་ཇོ་ལགས་ནས་ང་ལ་ཕྲག་དོགས་མང་པོ་བྱེད་མྱོང་། གང་ཡིན་ཟེར་ན་ཕ་རྒན་གྱིས་ང་ལ་བརྩེ་བ་ཆེ་བའི་སྟབས་ཀྱིས་རེད། སྐབས་རེ་ང་ཡི་ཨ་ཞང་བླ་མ་དེས་ཕ་རྒན་ལ ཁྱེད་རང་གི་བུ་ཆུང་བ་དེ་བཀྱག་ལང་གཏོང་གི་འདུག་ ཟེར་ནས་བཀའ་སྐྱོན་ཡང་ཐེངས་མང་པོར་གཏོང་བ་དྲན་གྱི་ཡོད། སྐབས་དེ་དུས་ང་ཨ་ཞང་ལ་ལྐོག་ནས་ཁོང་ཁྲོ་ཟ་གི་ཡོད་ཀྱང་རྣམ་འགྱུར་གང་ཡང་བསྟེན་ཕོད་ཀྱི་མེད། ང་ཡི་ཨ་ཞང་ནི་ཧ་ཅང་བཙན་པོ་ཞིག་རེད། མདོར་བསྡུས་ནས་ཞུས་ན། ང་ཡི་ཕ་འདས་པོའི་དྲན་རྟེན་ཡག་ཤོས་དེ་ཤིང་ཕོར་འདི་ཡིན། ཤིང་ཕོར་འདི་ངས་༢༠༠༢ ལོར་རྒྱ་གར་རྡ་རམ་ཤཱ་ནས་ཉོས་པ་ཡིན། ཕ་རྒན་གྱི་ཤིང་ཕོར་དང་ཆེ་ཆུང་མདོག་དབྱིབས་སོགས་གཅིག་པ་འདྲ་བོ་འདུག། ཁོང་ནམ་རྒྱུན་བོད་ཟས་རྩམ་པ་དང་ལྷག་པར་དུ་ཟྭ་ཐུག་བཟའ་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ངེད་མིང་སྲིང་རྣམས་ཀྱིས་མཐའ་ནས་སྐོར་ཞིང་ཉི་རའི་ནང་དུ་ཟྭ་ཐུག་དང་པག་མཉམ་བཟའ་བྱེད་རྒྱུའི་ཚོར་སྣང་ད་ལྟ་ཡང་འདུག ངས་ཕ་མི་བརྗེད་པའི་དྲན་རྟེན་གྱི་ཆེད་དུ་ཤིང་ཕོར་འདི་ཉར་བ་ཡིན། ཕ་ག་དུས་དྲན་ན་ཡང་ཤིང་ཕོར་འདི་ནང་དུ་ཕ་ཡིས་ཇི་ལྟར་བཟའ་བ་ནང་བཞིན་ངས་ཀྱང་ཟྭ་ཐུག་པག་སོགས་མཉམ་བཟའ་བྱེད་ནས་ཉི་མའི་ནང་དུ་འདུག་གི་ཡོད། སྐབས་དེ་དུས་ཕ་འདས་པོ་དེ་ང་འཁྲིས་སུ་ཡོད་བསམ་པའི་ཚོར་བ་ཡོང་གི་འདུག། 
དེང་སང་གཞོན་སྐྱེས་བསམ་མེད་འགའ་ཞིག་ནས་རང་ཉིད་རང་ཁ་རང་གསོ་ཐུབ་ཙམ་བྱུང་ནས་དགའ་རོག་གསར་པ་ཞིག་རྙེད་ཚར་དུས་བཀའ་དྲིན་ཅན་གྱི་ཕ་མ་རྣམས་རྦད་དེ་གཏིང་བརྗེད་དུ་ཕྱིན་ནས་ཕ་མ་རྒན་གོག་ཆག་ཚར་དུས་ཕྱི་མིག་ཙམ་ཡང་མི་ལྟ་བར་གནས་སྟངས་ཧ་ཅང་ཡིད་མུག་པ་ཞིག་མང་པོ་དངོས་སུ་མཐོང་རྒྱུ་འདུག། དེ་ནི་གཅིག་བྱས་ན་ལུང་པའི་འགྲོ་སྟངས་དང་རིགས་གཞུང་བཟང་ངན་སོགས་ཀྱི་དབང་གིས་ཡིན་སྲིད་ཀྱང་། གང་ལྟར་ཁྱོད་རང་གི་ཕ་མ་ཡག་སྡུག་གང་ཡིན་ཀྱང་ད་ལྟ་མི་ཚེར་ལས་ཀྱིས་བསྐོས་པ་ཞིག་ཡིན་སྟབས་བུ་རྒྱུད་རྣམས་ཀྱིས་ཕ་མས་ཡག་པོ་གནང་མ་སོང་ཟེར་ནས་མཐའ་གཅིག་ཏུ་ཐབས་སྡུག་ཞིག་ཏུ་ངོས་འཛིན་བྱེད་པ་དེ་ནི་ནོར་འཁྲུལ་རེད་བསམ། ཕ་མར་གུས་བཀུར་དང་གཡོག་ལྟ་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཆོས་གཅིག་པུ་མ་ཡིན་པར་ཡ་རབས་ཀྱི་ལུགས་སྲོལ་ཚད་ལྡན་ཞིག་ཡིན། གལ་སྲིད་ད་ལྟ་རང་ཉིད་བུ་རྒྱུད་ཡིན་པའི་སྐབས་སུ་ཁྱེད་རང་གི་ཕ་མར་ཡག་པོ་མ་བྱས་པ་ཡིན་ན་ནམ་ཞིག་ཁྱེད་རང་ཕ་མར་ཆགས་པའི་སྐབས་སུ་ལས་འབྲས་སྨིན་ནས་ཁྱེད་རང་ལ་བུ་རྒྱུད་ཀྱིས་རྙོག་དྲ་དང་སུན་པོ་བཟོ་མི་ཡོང་བའི་ངེས་པ་མེད་པས་ཚང་མས་ཕ་མར་གཅེས་སྐྱོང་གནང་རོགས། 
ལས་ཀྱིས་བསྐོས་པའི་དྲིན་ཅན་ཕ་ལོ་ཁྱོད།། ཞིང་དུ་ཕེབས་ནས་བགྲང་བྱ་ཉེར་གཉིས་རིང་།། 
སེམས་ཀྱི་དྲན་རྟེན་ཤིང་ཕོར་དམར་སྨུག་འདི།། ཡབ་ཆེན་མི་བརྗེད་དཔང་རྟགས་ངོ་མ་ཡིན།། 
ཁྱེད་ནི་ཕ་ཡང་ཡིན་ལ་མ་ཡང་ཡིན།། ཁྱེད་ནི་དགེ་རྒན་ཡིན་ལ་སློབ་དཔོན་ཡང་ཡིན།། 
ང་ཡི་ཡོད་ཚད་ཁྱེད་ཉིད་གཅིག་པུ་ཡིན།། བཀའ་དྲིན་ཆེ་འོ་ཡབ་ཆེན་དམ་པ་ལགས།། 
དེ་རིང་འདི་ན་ཡོད་པ་ཁྱེད་ཀྱི་དྲིན།། བདེ་ལེགས་དཔལ་ཡོན་ཕྱུག་པ་ཁྱེད་ཀྱི་དྲིན།། 
མདོར་ན་གསོན་པའི་འཇིག་རྟེན་ཡོད་པ་དང་།། ཐམས་ཅད་ལེགས་བྱས་གང་བགྱིད་ཁྱེད་ཀྱི་དྲིན།། 
བུ་ངས་ཕ་ཡི་བཀའ་དྲིན་གསབ་པའི་ཆེད།། ཁྱེད་ཀྱི་ཐུགས་ལ་གནག་པའི་འདོད་པའི་དོན།། 
དལ་འབྱོར་དོན་ཡོད་གཞན་དོན་རླབས་པོ་ཆེ།། མ་འགྲུབ་བར་དུ་མི་གཏང་དམ་བཅའ་ཡོད།། 
འཛམ་གླིང་ཨ་མའི་དུས་ཆེན་ཉིན་མོ་འདིར།། ཡབ་རྗེ་མི་མཆོག་ཨ་ཕའི་དྲན་རྟེན་དུ།། 
ཤིང་ཕོར་དམར་སྨུག་འདི་དང་བོད་ཟས་སོགས།། མི་བརྗེད་དྲན་པའི་རྟེན་གྱིས་རྗེས་དྲན་བསུ།། 
ཕ་བུའི་དམ་ཚིག་བརྩེ་གདུང་ཟབ་མོ་དང་།། ཚེ་གང་དམ་ཆོས་སྒྲུབ་ལ་བརྩོན་པའི་མཐུས།། 
ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ།། མངོན་སུམ་བཞིན་དུ་མཇལ་བའི་སྨོན་ལམ་འདེབས།།
མི་ཚེ་ཕྱེད་ས་མཐར་འཁྱམས་པའི་དྭ་ཕྲུག་ཕ་ཡིས་བཏགས་མིང་ཀརྨ་བསྟན་སྲུང་དུ་འབོད་པ་དེས། འཛམ་གླིང་ཨ་མའི་དུས་ཆེན་ཉིན་མོར་ཕ་བཀའ་དྲིན་ཅན་ཉིད་དེ་རིང་ནས་བཟུང་སྟེ་རྒྱལ་གཅེས་ཨ་མའི་དུས་ཆེན་གྱི་ཉིན་མོར་སྲུང་བརྩིར་བྱེད་རྒྱུའི་དམ་བཅའ་དང་འབྲེལ། ཡབ་ཆེན་དམ་པའི་བཀའ་དྲིན་སེམས་ཁོང་ནས་དྲན་བཞིན། ཨ་རིའི་བྱང་ཕྱོགས་ཁ་ལི་ཧྥོ་ཉའི་ཞི་བདེ་རྒྱ་མཚོའི་འགྲམ། རང་ཤག་ནས་ཕྱི་ཟླ་༥ ཚེས་༡༣ ཨ་མའི་དུས་ཆེན་གྱི་ཉིན་མོར་ཉིན་ཐོའི་ཚུལ་དུ་བྲིས་ཏེ་ཕུལ།། 


No comments:

Post a Comment