Friday, May 3, 2019

ཤེས་རབ་སྙིང་པོའི་མཚམས་ལ་བསྡད་པའི་ཚོར་སྣང་།


འདི་ལོའི་སྤྱི་ཟླ་གསུམ་པའི་སྤྱི་ཚེས་ཉེར་གཉིས་ནས་ཉེར་བཞིའི་བར་ཉིན་གསུམ་རིང་འཇམ་དབྱངས་ཆོས་འཁོར་གླིང་ནས་གོ་སྒྲིག་འོག་ལོ་ལྟར་རེ་ཞིག་མི་མང་དང་མཉམ་དུ་མཚམས་ལ་འདུག་གི་ཡོད།
ནམ་རྒྱུན་ཐག་ཉེར་ཡོད་པའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བཙུན་དགོན་ཞིག་བོག་གླ་བྱེད་ནས་མཚམས་ལ་འདུག་གི་ཡོད་ཀྱང་ད་ལོར་ངོས་ཀྱི་ལས་བྲེལ་འགའ་ཡི་རྐྱེན་གྱིས་དུས་ཐོག་ཏུ་ལེན་ཐུབ་མ་སོང་། ད་ལོ་ནི་ས་གནས་འདིར་ཡོད་པའི་ཀོའུ་རེ་ཡའི་ནང་པའི་དགོན་ཆུང་ཞིག་ཡོད་པ་དེ་གླས་ནས་མི་མང་བཞི་བཅུ་ཙམ་དང་ལྷན་ཉིན་གསུམ་རིང་མཚམས་ལ་བསྡད། འདི་ལོའི་མཚམས་ཀྱི་ཆོས་བཤད་ཀྱི་དངོས་གཞི་ནི་ཤེས་རབ་སྙིང་པོ་ཡིན། ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལྷ་ཁང་ནང་དུ་འཛོམས་ནས་རང་རེ་བཀའ་བརྒྱུད་པའི་ལུགས་སྲོལ་ལྟར་རླུང་རོ་དགུ་ཕྲུག་འབུད་པ་གཤང་ནས་ཞི་གནས་སྐར་མ་སུམ་བཅུ་ཙམ་ལ་བསྒོམས། ཞོགས་ཟས་ཚར་མ་ཐག་བདེ་ཆེན་ཞིང་སྒྲུབ་མཉམ་འདོན་བྱས་ནས་བར་མཚམས་སུ་བསྐྱེད་རྫོགས་ཀྱི་སྒོམ་དང་ཆོས་བཤད་གང་དྲག་བྱས། ཉིན་རྒྱབ་ཡང་སྐྱར་ཤེས་རབ་སྙིང་པོའི་ཆོས་བཤད་དང་སྒོམ་སོགས་བྱས། ཉིན་ཐ་མར་ཞོགས་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་མཉམ་ལེན་བྱས་ཞིང་ཆོས་ཞུ་རྣམས་ཀྱི་འདོད་པ་ལྟར་ཤེས་རབ་སྙིང་པོའི་སྐོར་དྲི་བ་དྲིས་ལན་དང་མཐར་མར་མེ་སྨོན་ལམ་དང་སོགས་ཀྱིས་མཇུག་ལེགས་པར་གྲུབ།
ནུབ་ཕྱོགས་པའི་མི་རིགས་འདི་རྣམས་ལ་ཤེས་རབ་སྙིང་པོ་ལྟ་བུ་ལྟ་གྲུབ་དང་འབྲེལ་བའི་ཆོས་འཆད་ཉན་བྱེད་རྒྱུ་ལ་ཧ་ཅང་དགའ། ངོས་ཀྱི་དགེ་ཕྲུག་མང་པོ་ཞིག་ལོ་དྲུག་བཅུའི་ཡར་ལྷག་ཡིན་ཀྱང་ལྟ་གྲུབ་དང་འབྲེལ་བའི་ཆོས་ཚད་མཐོ་བོ་གང་འདྲ་ཞིག་བཤད་ཀྱང་མ་ཤེས་པའི་དཀའ་ངལ་ཕལ་ཆེར་མེད། ང་ཚོའི་བོད་རིགས་རྣམས་ནི་ཡེ་ནས་ནང་པ་ཡིན་རབས་དང་ཅིག་ཅིག་མུག་མུག་ཡོད་རབས་བཅོ་བརྒྱད་ལུང་པ་གང་བགྲང་རྒྱུ་ཡོད་ཀྱང་དོན་དངོས་པོར་བསམ་བློ་གཏང་ན་ནང་ཆོས་ཀྱི་ཤེས་ཚད་ཧ་ཀྱང་དམའ་བ་མ་ཟད་ག་ཚད་བཤད་ཀྱང་ཚིག་དོན་གཉིས་ཀར་ཧ་གོ་དཀའ་མོ་ཞིག་རེད་གདའ། འདི་ཡི་རྒྱུ་རྐྱེན་གང་ལ་ཐུག་འདུག་ཟེར་ན།
དེ་ལ་རྒྱུ་མཚན་འགའ་ཤས་ཞིག་འདུག
རྒྱུ་མཚན་དང་པོ་ནི།
རྒྱ་གར་ནས་འགྱུར་བའི་བོད་ཡིག་འདི་རྣམས་ཀྱི་བརྡ་དང་ཐ་སྙད་མིང་ཚིག་སོགས་ནམ་རྒྱུན་ཆོལ་གསུམ་རྒྱུན་སྐད་ནང་དུ་ཡེ་ནས་མེད་པའི་མིང་ཚིག་མཁྲེགས་པོ་ཤ་སྟག་ཡིན་པས་གོ་དཀའ་བ་དང་།
རྒྱུ་མཚན་གཉིས་པ་ནི། དེ་འདྲའི་མིང་ཚིག་མཁྲེགས་པོ་གང་ཡིན་པ་དེ་ཐད་ཀར་དུ་དབྱིན་བསྒྱུར་བྱས་ཡོང་དུས་རང་བཞིན་གྱིས་དབྱིན་ཇི་རྣམས་ལ་གོ་བདེ་ཞིང་ལས་སླ་རུ་གཏང་ཡོད་པ།
རྒྱུ་མཚན་གསུམ་པ་ནི། ནུབ་ཕྱོགས་པའི་མི་རིགས་འདི་རྣམས་ནང་པ་མ་ཡིན་ཀྱང་སྡུག་ས་ནས་བཤད་ན་དེང་དུས་ཀྱི་དམའ་རིམ་སློབ་གྲྭ་འགྲིམ་མ་མྱོང་མཁན་ཕལ་ཆེར་མེད་སྟབས་ཀླད་པ་སླ་རུ་གཏང་ཚར་བས་རང་བཞིན་གྱིས་རིག་པ་ཁ་སྤོ་བ་ཙམ་ལས་ནང་ཆོས་ལ་སྦྱང་བའི་སྐབས་སུ་ཡང་དཀའ་ངལ་དེ་ཙམ་མེད་པ་རེད་གདའ།
གང་ལྟར་ཀྱང་འདི་ལོའི་ཆོས་ཚོགས་ཀྱི་གོ་སྒྲིག་བྱས་པའི་མཚམས་དེ་ཧ་ཅང་ཡག་པོ་བྱུང་སོང་། མི་མང་པོ་ཞིག་ནས་སང་ལོ་ཡོང་ཡང་མཚམས་ལ་ཡོང་རྒྱུའི་དུས་ཆད་དང་མིང་ཐོ་ལ་འཚང་ཁ་ཤིག་ཤིག་རེད་འདུག།
  
།ཀྱེ་ཧོ་ཐར་འདོད་སྐལ་ལྡན་ལས་ཅན་གྱི་མཆེད་ལྕམ། །ཨེ་མ་དགའ་འོ་སྐྱིད་དོ་དམ་ཆོས་ཀྱི་བསྐལ་བཟང་།།
།མ་རིག་མུན་པ་སེལ་བའི་སྒྲོན་མེ་འདི་བཏེགས་བཞིན། །བདེ་ཆེན་དག་པའི་ཞིང་དུ་མཉམ་དུ་རང་ཆས་འགྲོ།།


 །རྙེད་དཀའི་རྟེན་བཟང་ནོར་བུ་རིན་ཆེན་ལས་ལྷག་པའི། །།དོན་ལྡན་དགེ་ལ་བརྩོན་པའི་གོ་སྐབས་འདི་མཉམ་དུ།
 །དཔོན་སློབ་སྐྱེ་དང་ཚེ་རབ་འབྲལ་བ་རུ་མེད་པར། །ཐེ་ཚོམ་མེད་པར་རྩེ་གཅིག་སྨོན་ལམ་རེ་ཐོབ་ཤོག །


།གང་དུ་སོང་ཡང་བླ་མ་མཆེད་གྲོགས་རྣམས་མི་བརྗེད། །ཇི་ལྟར་བྱས་ཀྱང་དམ་ཆོས་ཟབ་མོ་འདི་མི་བརྗེེད།
།གང་འདྲ་བྱུང་ཡང་རང་སེམས་བདེ་སྐྱིད་དང་ལྡན་པ། །ཐབས་གསུམ་འདི་རྣམས་དུས་ཀུན་མ་བརྗེད་པར་གྱིས་ཤིག།།


།ལོ་འདི་མི་ཚེ་བདེ་སྐྱིད་དགའ་བདེ་ལ་སྤྱོད་ཅིང་། །ཚེ་འདི་བདེ་ནས་བདེ་བའི་ལམ་ཆེན་ལ་བསྙེག་སྟེ།
།འཕྲལ་ཡུན་གཏན་བདེའི་དམ་ཆོས་ཟབ་མོ་འདི་མཉམ་དུ། །ཡང་ནས་མཉམ་འཛོམས་ཡོང་བའི་དམ་བཅའ་རེ་གནང་ཤོག།


།ཚེ་གང་དམ་ཆོས་སྒྲུབ་པའི་བདེན་ཚིག་དང་སྨོན་ལམ། །དཔོན་སློབ་དད་དམ་གཙང་མའི་རྟེན་འབྲེལ་ལ་བརྟེན་ནས།
།རིང་མིན་བདེ་སྐྱིད་དམ་ཆོས་སྐྱ་རེངས་ཀྱིས་བསུས་ཏེ། །ཡང་ནས་མཉམ་དུ་འཛོམས་པའི་སྨོན་ལམ་རེ་ཞུ་འོ།