Saturday, September 28, 2019

ཤར་ཕྱོགས་སུ་བསྐྱོད་པའི་གཏམ།

དང་པོ་རྒྱ་གར་ལྷོ་ཕྱོགས་ཀྱི་ལས་འཆར་ཁག།ཉིས་སྟོང་ལྔ་ལོར་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་ལྟར་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་རྣམས་སུ་ཆོས་དང་ཟང་ཟིང་གི་རོགས་རམ་བྱེད་འགོ་བཙུག། ལྷག་པར་དུ་ཀོ་ལི་སྒར་གཞིས་ཆགས་སུ་ཕ་ཡུལ་གཅིག་པའི་ངོ་ཤེས་འགའ་ཡི་རྒྱུད་ནས་ད་བར་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་འཚོགས་ཁང་གསར་རྒྱག་དང་། ནང་ཆོས་ངོ་སྤྲོད་སོགས་རང་འཁོས་འཇོན་ཚོད་གང་དྲག་ཅི་དྲག་བྱས། ལོ་རེར་ཐངས་མ་རེར་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་དགོས། འདི་ལོར་ཡང་སྤྱི་ཟླ་བདུན་པའི་སྤྱི་ཚེས་བརྒྱད་ནས་པོར་ལེན་གནམ་ཐང་ཀི་ལི་ཧྥོ་ཉའི་གནམ་ཐང་རྒྱུད་ནས་ཧོང་ཀོང་ནས་སིངྒ་པོར་དེ་ནས་བྷེང་ལོར་གནམ་ཐང་དུ་འབྱོར། བྷེང་ལོར་གནམ་ཐང་དུ་བརྒྱ་དཔོན་རྡོ་རྗེ་ཚེ་རིང་གཙོས་མི་གསུམ་ནས་ལག་ཁ་བཏག་དང་བཅས་ཕེབས་སྒུག་བྱས་འདུག། གཞིས་ཆགས་སུ་དགུང་མོ་ཆུ་ཚོད་དྲུག་ཙམ་ཐོག་འབྱོར་བས་མི་མང་ནས་ཀྱང་ལག་ཏུ་སྤ྄ོས་དང་མེ་ཏོག། ཁ་གཏག་སོགས་བཟུང་ནས་རུ་སྒྲིག་ཀྱིས་ཕེབས་སྒུག་བྱས་འདུག། ང་ནི་དེ་སྔ་ཕན་ཆོད་གང་དུ་སོང་ཡང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བན་དེ་རང་གཡོག་རང་གི་དཔེ་ལྟར་ཡིན་པས་མི་མང་གི་ཕེབས་བསུ་རྫིག་པོ་འདི་འདྲའི་དཀྱིལ་ནས་མི་ཆེན་སེངྒེའི་འགྲོས་བྱེད་ནས་འགྲོ་དགོས་ཚོད་ཀྱང་། ངས་ནི་གང་འདྲ་བྱེད་ནས་འགྲོ་དགོས་མིན་མི་ཤེས་ནས་མཚམས་རེ་ཚག་གེ་ཚིག་གེ་འདྲ་བྱེད་ཡོང་དུས་མི་མང་ཡང་རང་བཞིན་གྱིས་གད་མོ་ཤོར་གྱི་འདུག།

ད་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོར་སྐྱ་སེར་སུམ་བརྒྱ་ཙམ་གྱིས་ཉིན་གསུམ་རིང་མི་མང་གི་ཞལ་ལག་འགྲོ་སོང་། དགེ་འདུན་པའི་སྐུ་འགྱེད་སོགས་ཚང་མ་སིངྒ་པོར་ཡོད་པའི་ངོས་ཀྱི་དགེ་ཕྲུག་རྣམས་ནས་ནར་གཏོང་བྱས། བདེ་ཆེན་ཞིང་སྒྲུབ་འདི་ནི་ནང་ཆེན་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་གྱིས་ཆགས་མེད་བདེ་སྨོན་ཉིད་ལ་སྒྲིག་ཆོག་གནང་བའི་ཆོ་ག་ཞིག་རེད། དེང་སང་གང་སར་བདེ་ཆེན་ཞིང་སྒྲུབ་ཟེར་ནས་འཚོགས་མཁན་ཡོད་ཀྱང་། བཀའ་གཏེར་དག་གསུམ་གང་རུང་གི་ཆོ་ག་བསྡུས་པ་ཞིག་གི་སྒོ་ནས་འཚོགས་ཤིང་སྒྲུབ་གཞུང་དུ་འོད་མཚན་ལ་གྲངས་གསོགས་པ་ཙམ་ལས་དངོས་གནས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་བསྙེན་སྒྲུབ་ལན་ལག་བཞིའི་ཁོག་བཅིངས་ནས་མགོ་ལ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་དང་མཇུག་ཏུ་མར་མེ་སྨོན་ལམ་གྱིས་མཇུག་བསྡུ་ནས་འཚོགས་མཁན་ནི་རེ་ཟུང་ལས་མེད་པར་སྣང་། ངས་ནི་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་དགོངས་གཞི་ལྟར་ཟུར་མང་མཁན་ཆེན་ཆོས་དབྱིངས་བཟང་པོའི་ཕྱག་རྒྱུན་ལྟར་ཞོགས་པ་ཆུ་ཚོད་བདུན་ནས་དགུང་མོ་ཆུ་ཚོད་བདུན་བར་འཚོགས་ནས་དུས་ཚོད་ཕལ་མོ་ཆེ་གསང་སྔགས་གྱེར་འདོན་ཙམ་མ་ཡིན་པར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་སོགས་གང་དྲག་བྱེད་ཀྱི་ཡོད། གྲོང་སྡེ་B ནང་ཞིང་སྒྲུབ་ཚར་མ་ཐག་གྲོང་སྡེ་N གཙོས་གྲོང་སྡེ་འགའ་ལ་ཆོས་བཤད་བྱས། གཞིས་ཆགས་སྤྱི་ནས་འཛམ་གླིང་སྤྱི་བསང་ལ་ཁེལ་ཡོད་སྟབས་མི་མང་འདོད་པ་ལྟར་ཆེད་བཅར་ཞུས།

གཉིས་པ་ལྡི་ལིའི་ལས་འཆར་ཁག།

དེ་ནས་སྤྱི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་མོ་བྷེང་ལོར་གནམ་ཐང་བརྒྱུད་ནས་ལྡི་ལིར་འབྱོར་ནས་སྔ་ནསགྲ་སྒྲིག་བྱས་ཟིན་པ་ལྟར་ཁོ་བོས་འདས་ལོ་བཞི་ཡར་སྔོན་ནས་བརྩམ་པའི། སྙིང་གཏམ་ཆོས་ཀྱི་བདུད་རྩི། ཞེས་ཤོ་ལོ་ཀ་ཉེར་གཅིག་ཅན་གྱི་དེབ་ཆུང་ཞིག་ཡོད་པ་ཉེ་བའི་ཆར་རང་འགྲེལ་ཞིག་བྲིས་ནས་དབྱིན་བསྒྱུར་བྱས་ཞིང་སྐད་གཉིས་ཡོད་པའི་དེབ་ཆུང་འདི་ད་རེས་ལྡི་ལིར་དཔར་སྐྲུན་བྱེད་རྒྱུ་དེ་ཡིན། ཨ་མདོ་ཕྱོགས་ནས་ཡིན་པའི་གསར་འབྱོར་བའི་ཕོ་གསར་རྡོ་རྗེ་རྣལ་འབྱོར་ཞེས་མིང་རྫིག་པོ་ཅན་དེ་ངོས་ཀྱི་ཚ་མོ་ཆོས་དབྱིངསདབང་མོའི་ངོ་ཤེས་ཡིན་སྟབས་དེབ་ལྔ་བརྒྱ་ཐམས་པ་ཁོང་ལ་བཟོ་རྒྱུ་སྤྲད། ཁོང་ནས་ཀྱང་གང་མགྱོགས་ཚར་རྒྱུའི་ཁ་དན་བྱས་ཀྱང་རྒྱ་གར་གྱི་ལས་གླ་བྱེད་མཁན་རྣམས་ནི་བ་གླང་རྒྱུགས་པས་དེད་པ་ནང་བཞིན་མ་བྱས་ན་རང་ལ་དགོས་པའི་ལས་དོན་ནི་གཏན་ནས་འགྲུབ་མི་ཐུབ། ངས་ཀྱང་ཉིན་རེ་བཞིན་དུ་ཁོང་གི་ལས་ཁུངས་གྲ་མ་གྲུ་བཞི་དེར་ལུས་རྔུལ་ནག་ཕ་ལེ་བཅར་ནས་བསྐུལ་འདེེད་མང་ཙམ་གཏང་དགོས་བྱུང་། དེབ་རེར་ཨ་སྒོར་གཅིག་མ་ཟིན་ཙམ་ལས་གནས་མི་འདུག་ཀྱང་དེབ་ཡོངས་རྫོགས་ཨ་རིར་འབྱོར་དགོས་སྟབས་གཏང་གླའི་རིན་གོང་དང་བསྡུར་ན་དེབ་ཨ་རི་ནས་དཔར་སྐྲུན་བྱས་པ་ཁྱད་པར་དེ་ཙམ་མི་འདུག། ད་རེས་ཀྱི་དེབ་ལྔ་བརྒྱའི་འགྲོ་སོང་ཡོངས་རྫོགས་ལ་ཨ་སྒོར་ལྔ་བརྒྱ་ཙམ་གནས་འདུག་པས་སིངྒ་པོར་ནས་ཡིན་པའི་ངོས་ཀྱི་ཡུན་རིང་སློབ་མ་ཆོས་མིང་དུ་ཚེ་རིང་ལྷ་མོ་ལགས་ནས་སྦྱིན་བདག་གནང་སོང་བས་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

ག་དུས་ཡིན་ནའང་ངོས་ཀྱི་དགེ་ལས་ཆེ་གཙོ་ཆེ་གྲས་ཞིག་ནི་ལྡི་ལི་མན་ཇུ་ཀ་ཊི་ལའི་ཐག་ཉེར་ཡོད་པའི་རྒྱ་གར་བའི་སྤྲང་པོ་ལྔ་བརྒྱ་ལ་ཉིན་གུང་ཟ་མ་སྤྲད་རྒྱུ་དེ་ཡིན། ད་ལོར་ཡང་སངས་ཆོས་ཀྱི་གྲོགས་པོ་འགའ་ཡིས་རོགས་པ་བྱས་ནས་ཉིན་ཞིག་ཞོགས་པ་སྔ་བོར་སྤྲང་པོ་ཡོད་སའི་གནས་དེར་སོང་། རྒྱ་གར་བའི་ཡུལ་མི་སྤྲང་པོ་ལྔ་བརྒྱ་ཐམས་པ་ལ་ཉིན་གུང་ཟ་མ་སྤྲད་པས་སྤྲང་པོ་རྣམས་ཧ་ཅང་དགའ་བོ་བྱས་སོང་། ཟུར་དུ་རྒྱ་གར་ཨ་ར་ཅན་མི་རྒན་རྒྱ་བོ་ཞིག་ཡོད་པ་དེས་སྤྲང་པོ་རྣམས་ལ་ཉིན་ལྟར་ཟ་མ་སྤྲད་སྐད་འདུག། ང་ཁོང་གི་མདུན་དུ་བཅར་ནས་གཏམ་འདྲི་བྱས་དུས་མི་ལོ་ཉེར་བརྒྱད་རིང་སིཀ་ཆོས་ལུགས་ཡིན་པའི་མི་རྒན་ཁོང་ནས་སྤྲང་པོ་རྣམས་ལ་ཉིན་རེ་བཟའ་བཏུང་ཐེངས་མ་སྤྲད་གི་ཡོད་ཟེར། ངས་ཉིན་གཅིག་གི་ཟས་རིན་ལ་རྒྱ་གར་སྒོར་མོ་ཁྲི་གཅིག་སྤྲད་པ་ཡིན། ཁོང་ནས་སྒོར་མོ་འདིས་ཉིན་གཉིས་ཀྱི་ཟས་འདང་གི་རེད་ཟེར། བོད་ཀྱི་བླ་ཆེན་རྣམས་ཀྱིས་ས་མཐར་དགོན་པ་རྫིག་པོ་རེའི་འགྲན་བསྡུར་ཙམ་མ་ཡིན་པར་གཡར་པོའི་རྒྱལ་ཁབ་སྐྱོ་བོ་འདིས་ནང་གི་ཉམ་ཐག་གི་ཡུལ་མི་སྐྱོ་བོ་འདི་རྣམས་ལ་མི་འཇིགས་པའི་སྐྱབས་སྦྱིན་གྱིས་ཕྱག་ཡངས་རེ་སྐྱོངས་ཐུབ་ན་ཅི་འདྲའི་ཡག་པོ་མེད་དམ་སྙམ།

གསུམ་པ་བཞུགས་སྒར་ཁུལ་གྱི་ལས་འཆར་ཁག།

དེ་ནས་ཡུན་རིང་སྙིང་དུ་བརྣག་པའི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གཟིམས་ཆུང་མཇལ་ཁ་ཞུ་རྒྱུའི་ཆེད་སྤྱི་ཟླ་བདུན་པའི་ཚེས་ཉེར་བཞིའི་ཉིན་མོ་ལྡི་ལིའི་གནམ་ཐང་ནས་བཞུགས་སྒར་གནམ་ཐང་དུ་འབྱོར། གནམ་ཐང་ནས་ཤེས་རབ་གླིང་གྲྭ་བཀྲ་ཤིས་ཉི་མ་ལགས་ནས་སྒུག་འདུག་པས་ངེད་གཉིས་གླ་བྱེད་སྣུམ་འཁོར་ཞིག་ནང་དུ་བསྡད་ནས་ཤར་བསྐྱོད་ཡུན་རིང་མ་ཐུག་པའི་ཚ་མོ་ཆོས་དབྱིངས་དབང་མོའི་ནང་ལ་སོང་། ཚ་མོ་ནི་རྡ་ཤོད་རྒྱ་གར་གྲོང་བསེབ་ཞིག་ནང་དུ་ཁང་གླ་བྱས་ནས་མོ་རང་གི་དགའ་རོགས་བུ་རྒྱལ་མཚན་དཔལ་འབྱོར་དང་ལྷན་གཟུགས་པོའི་ཚོད་དཀྱིལ་སྐྲུང་གི་དཔེ་ལྟར་དྲོ་སོབ་སོབ་བྱས་ནས་བསྡད་འདུག་པས་སེམས་པ་
དགའ་ཡ་ལེ་བྱུང་། མོ་རང་ནི་མེ་ལོག་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ནང་དུ་དྲུང་ཡིག་བྱས་ནས་བསྡད་ཡོད་སྐད་འདུག་པས་དེ་བས་ཀྱང་དགའ་བྱུང་། ཨ་ནེ་མདོ་སྒྲོན་མ་བུ་གསུམ་གཙོས་ངོས་ཀྱི་ཕ་ཡུལ་གཅིག་པའི་ནང་ཆེན་བའི་གསར་འབྱོར་རྣམས་ལའང་ཐུག་འཕྲད་བྱུང་།  ཆོས་དབྱིངས་དབང་མོ་ནས་ངོས་ཀྱི་ཟ་མ་ཆེས་དགའ་ཤོས་ཟྭ་ཐུག་མང་པོ་ཞིག་བཀོག་ནས་འཁྱག་སྒམ་ནང་དུ་གསོག་ཉར་བྱས་འདུག་སྟབས་ཉིན་རྟག་པར་ཟྭ་ཐུག་ཟོས་ནས་ནང་དུ་སྐྱིད་ཉལ་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། སྐུ་སྒེར་ཡིག་ཚང་ལ་ཆེད་བཅར་གྱིས་སྐུ་ངོ་བྲེ་སང་དང་འཆི་མེད་རིག་འཛིན་སོགས་བརྒྱུད་ནས་གཟིམས་ཆུལ་མཇལ་བཅར་ཐོ་འགོད་བྱས། སྤྱིར་གཏང་དེང་སང་སྐྱབས་མགོན་ཡིད་བཞིན་ནོར་བུ་མི་མང་དཀྱུས་མའི་མཇལ་ཁ་ནི་ཧ་ཅང་དམ་པོ་རེད་འདུག། དེ་ནི་ཉེ་བའི་ཆར་རྒྱ་གར་སྨན་པས་སྐུ་ངལ་གསོ་དགོས་པའི་བརྡ་ཁྱབ་གཏང་བ་དེས་རེད་ཟེར། རྡ་སའི་ཁོར་ཡུག་འདི་ནི་སྔར་དང་མི་འདྲ་བར་མི་མང་གི་འདུ་འགོད་ཆེ་ཞིང་། ལྷག་པར་དུ་རྒྱ་གར་བའི་ཡུལ་སྐོར་བའི་མི་མང་གི་འཚང་ཁ་ཧ་ཅང་ཆེན་པོ་རེད་གདའ། གཞུང་ལམ་གཅིག་གི་ཐོག་ནས་རྐང་པ་ཐོགས་ཚད་མི་དང་དུད་འགྲོ་ཚང་མ་མཉམ་དུ་སྐད་ཅོར་གྱིས་དོན་ཆེན་ཡིན་ན་མ་གཏོགས་ཕྱི་ལོགས་སུ་འགྲོ་རྒྱུ་ལ་འཚེར་བག་ཅན་ཞིག་ཏུ་གྱུར་འདུག། ཟས་རིན་དང་མགྲོན་ཁང་གླ་ཆ་སོགས་ཀྱང་སྔར་དང་མི་འདྲ་བ་གོང་ཆེན་པོ་རེད་གདའ། ཉིན་གཅིག་ནོར་གླིང་མགྲོན་ཁང་དུ་འདུག་བསམ་ནས་རིན་གོང་སྐད་ཆ་དྲིས་དུས་ནུབ་གཅིག་ལ་ཨ་སྒོར་བརྒྱ་ཐམས་པ་རེད་འདུག་པས་ང་ནི་ཅུང་ཧ་ལས་སོང་། གང་ཡིན་ཟེར་ན་མགྲོན་ཁང་རྙིང་པ་དེ་ཙམ་གྱིས་རྒྱས་སྤྲོས་མེད་པ་རེད། ཟུར་དུ་ཛམ་བྷ་ལ་ཞེས་པའི་མགྲོན་ཁང་ཞིག་གླས་ནས་ཉིན་འགའ་བསྡད་པས་ཉིན་རེ་རྒྱ་གར་སྒོར་མོ་བཞི་སྟོང་དྲུག་བརྒྱ་རེད་འདུག། ཉིན་ཅིག་དགུང་མོར་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རེད་འདུག། ཁྱེད་རང་མཁན་པོ་ཀར་བསྟན་ཡིན་ནམ་སང་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་ཕོ་བྲང་དུ་ཡོང་ཐུབ་པར་གྱིས། ཁྱེད་རང་ལ་སང་ཉིན་༧གོང་ས་མཆོག་མཇལ་ཁ་ཡོད་ཟེར། ངས་ནི་གཏམ་དེ་གོ་བ་དང་མཉམ་དུ་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། སྔ་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་སྲང་ལམ་ནས་ཉོས་པའི་སྲུང་བདུད་བརྒྱ་ཕྲག་འགའ་ཤས་དང་། ལོ་བཅུའི་ནང་ཚུད་ལུགས་གཉིས་ལས་ཀ་ཇི་བྱས་སྙན་ཞུའི་ཡི་གེ་ཤོག་ལྷེ་གསུམ་ཅན་བཅས་ཚང་མ་རྒྱབ་ཁུག་སེར་པོ་ཞིག་གི་ནང་དུ་བཅུག་ནས་སྤྱི་ཟླ་བདུན་པའི་ཚེས་པ་ཉེར་དགུ་གཟའ་ཟླ་བའི་ཉིན་མོ་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་བདག་གི་དྲིན་ཅན་རྩ་བའི་བླ་མ་༧གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་མཇལ་ཁ་ལ་སོང་། མཇལ་ཁ་ཞུ་མཁན་མི་གྲངས་དྲུག་བཅུ་མ་ཟིན་ཙམ་ཞིག་གདའ། གཟིམས་ཁང་ཕྱི་ལོགས་སུ་འཁོར་དགའ་ལྡན་ཕོ་བྲང་གི་ལས་བྱེད་སྐུ་འཁོར་རྣམ་པ་དང་ལྷན་གཡས་གཡོན་གཉིས་སུ་གྲྭ་གཞོན་དར་མ་གཉིས་ཀྱིས་སྐུ་སྐྱོར་བྱེད་བཞིན་ཕེབས་པའི་སྐབས་སུ་ཞལ་རས་ལ་གཞོན་མདངས་ཀྱིས་ཁེངས་ཀྱང་། ཞབས་སྤུས་མི་བདེ་བའི་ཕེབས་སྟངས་དེས་སེམས་ལ་ཚོར་བ་མ་བདེ་བ་ཞིག་སྤྲད་བྱུང་། ཡིད་བཞིན་ནོར་བུ་རྐུབ་སྟེགས་ཞིག་གི་ཐོག་ཏུ་བྱམས་བཞུགས་གནང་ནས་མི་མང་རྣམས་རེ་རེ་བཞིན་སྐད་གཏང་ནས་མཇལ་བཅར་ཞུས།
ང་ནི་སྐྱབས་མགོན་ཡིད་བཞིན་ནོར་བུ་མཇལ་བའི་སྐབས་སུ་རང་དབང་མེད་པར་མིག་ནས་མཆི་མ་ཤོར་འགྲོ་བ་མ་ཟད་མཚམས་རེ་ཕྲུ་གུ་ངུ་བ་ནང་བཞིན་སྐད་ཆེན་པོ་རྒྱག་ནས་ངུ་ཤོར་འདུག། ད་རེས་མི་ངུ་ཨ་བསམ་ནས་ཇི་ལྟར་བཟོད་སྲན་བྱས་ཀྱང་མིག་ནས་མཆི་མ་ཤོར་སོང་། སྐུ་མདུན་རང་དུ་སླེབས་པ་དང་མཉམ་དུ་སྤྱན་གྱིས་གུས་པའི་གདོང་པར་གཟིགས་ནས་འདི་ལྟར་གསུངས། ཨོ་ཁྱེད་རང་རེད་འདུག་བ། མཁན་པོ་བདེ་བོ་ཡིན་པས་གསུངས་སོང་། སྔ་ནས་གྲ་སྒྲིག་བྱས་ཟིན་པའི་འདས་སོང་གི་ཆོས་ཕྱོགས་ཀྱི་ལས་ཀ་གང་བྱས་རྣམས་ཡིག་ཐོག་ཏུ་ཡོད་པ་རྣམས་ཕུལ་བས་ཤོག་ལྷེ་གསུམ་ཅན་གྱི་སྙན་ཞུ་དེ་མགོ་ནས་མཇུག་བར་དེ་ག་རང་ནས་ཆ་ཚང་ཀློག་གནང་བ་མ་ཟད་རེ་རེ་བཞིན་དུ་དྲི་བ་སོགས་ཀྱང་གནང་སོང་། རྒྱབ་ལོགས་སུ་མི་ཚོགས་མང་པོས་མཇལ་སྒུག་དང་ལས་རིམ་གཞན་གྱི་མཛད་འཆར་ཆེ་མིན་ལ་མ་ལྟོས་པར། གུས་པས་ཕུལ་བའི་སྙན་ཞུ་དེ་ཀློག་བཞིན་མཚམས་རེ་ང་ཡི་མགོ་བོར་བྱིལ་བྱིལ་གནང་ཞིང་ཡར་ཞུ་ལ་གྲུང་པོར་གསན་ཅིང་དེ་ལ་ཞིབ་ཕྲའི་བཀའ་ལན་སོགས་ཀྱང་གནང་འདུག ངས་ཀྱང་སྐུ་གཟུགས་ཡོངས་རྫོགས་ཞིབ་མཇལ་ཞུས་དུས་ཕྱག་དཔུང་གཡོན་པའི་དཔུང་ཤ་དེ་ཤོར་ནས་ལྕི་མོ་ལྷབ་ལྷབ་གཡུག་འདུག་པ་དེ་མཐོང་དུས་ག་དུས་ཡིན་ནའང་དགུངས་གྲངས་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་ཐུགས་སྨོན་དེ་ལའང་དོགས་པ་འདྲ་ཟ་ཞིང་། ཞལ་རས་ཀྱི་མདངས་དང་། གསུང་སྐད། ཐུགས་རིག་སོགས་ལ་བསམ་དུས་སེམས་ལ་རང་བཞིན་གྱིས་སྤྲོ་བ་དགའ་ཡ་ལེ་བ་ཞིག་འདུག། དེ་ནས་ཟུར་ནས་མགྲོན་གཉེར་ལ་ཐད་ཀར་བཀའ་གཏང་ནས་ཐུབ་སྐུ་ཞིག་ཁྱེར་ཤོག་གསུངས་སོང་བས་ཟུར་གྱི་མདུན་ཅོག་ཐོག་ནས་གསེར་སྐུ་ཞིག་ཡོད་པ་དེ་དར་སེར་པོས་དྲིལ་ནས་དབུ་ལ་བཞག་བཞིན་ཐུགས་སྨོན་དང་བཅས་གུས་པའི་ལག་ཏུ་གནང་སོང་། ཟུར་ནས་པར་ཆས་ཀྱི་ཚག་སྒྲ་རྒྱུན་མི་ཆད་པ་ཞིག་ཡོད་པ་དེ་ནི་ཕྱི་ནང་གི་མི་སུ་ཡིན་ཀྱང་༧གོང་ས་མཆོག་མཇལ་བཅར་སྐབས་སུ་དམིགས་ཡུལ་དང་པོ་པར་མཉམ་དུ་རྒྱག་རྒྱུ་དེ་ཡིན་ཀྱང་ང་ལ་ལྟོས་ན་དེ་སྔ་མཇལ་ཁ་མང་པོའི་སྐབས་སུ་དྲན་རྟེན་གྱི་པར་ཙམ་ཡོད་པས་པར་ལ་རེ་བ་དེ་ཙམ་བྱས་མེད། དེ་རིང་གི་ཟུར་མཇལ་སྐབས་སུ་དམིགས་བསལ་ཚོར་སྣང་གང་བྱུང་ཟེར་ན། ང་འདྲ་བ་གྲྭ་རྐྱང་དཀྱུས་མ་ཞིག་ལ་ལྷོད་མཇལ་དང་མ་ཟད། ཟུར་དུ་སྙན་ཞུའི་ཤོག་ལྷེ་གསུམ་ཅན་ཞིག་ཕུལ་ཡོད་པ་མགོ་ནས་ཞབས་སུ་བསྡུས་པའི་ཚིག་དོན་རྣམས་རེ་རེ་བཞིན་བཀའ་འདྲི་གནང་བཞིན་དེ་གང་རང་དུ་ལྷོད་ལྷོད་བྱས་ནས་ཀློག་གནང་སོང་། དེང་སང་ཆོས་བརྒྱུད་ག་གེ་མོའི་མི་དཔོན་དང་བླ་ཆེན་གྱི་མཚན་སྙན་ཅན་རྣམས་ཀྱིས་བསྟན་པར་བདག་ཉམས་ཀྱིས་གཟིགས་ཞིབ་དེ་ཙམ་མེད་ཅིང་། ངེས་མེད་ཀྱི་མཛད་སྒོ་ཆེན་པོའི་འགྲན་རྩོད་ཁྲོད་ནས་མི་ཆེན་དང་བླ་དཔོན་གྱི་འགྱིང་འགྲོས་རེའི་སྐྱེ་བོ་རྣམས་ཀྱི་མི་སེམས་འགུགས་པའི་ཐབས་ལམ་རེ་འཚོལ་ནས་དེ་ཉིད་ཀྱི་རྒྱུད་ནས་རང་དགོན་དང་རང་བསྟན་དེ་ཁོ་ན་ལ་བསམ་བློ་གཏོང་མཁན་ལས། བསྟན་པ་སྤྱི་ལ་ལྷག་བསམ་གྱི་ཁུར་འཁྱེར་མཁན་ཧ་ཅང་ཉུང་བའི་དུས་སྐབས་འདིར་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོང་ནི་དངོས་གནས་ནང་བསྟན་སྤྱི་ལ་བརྩེ་གཟིགས་གནང་མཁན་མེད་དུ་མེད་པའི་བསྟན་འཛིན་གྱི་སྐྱེས་ཆེན་བླ་ན་མེད་ཞིག་ཀྱང་ཡིན་པ་གཞི་ནས་ཚོར་། མཇལ་ཁ་ཚར་བའི་ཕྱི་ཉིན་ཕ་ཡུལ་གཅིག་པའི་གྲོགས་པོ་བློ་ཚེ་གཙོས་རྡ་སར་གནས་བཞུགས་ནང་ཆེན་བའི་མི་གྲངས་བཅོ་ལྔ་མ་ཟིན་ཙམ་ཞིག་དང་མཉམ་དུ་ཉིན་གུང་ཟ་མ་མཉམ་བཟའ་བྱས། བཞུགས་སྒར་ནང་ཆེན་ཉེར་ལྔའི་ཚོགས་པ་རུ་ཨ་སྒོར་སུམ་བརྒྱ་ཞལ་འདེབས་ཕུལ། དེ་ནས་བཞུགས་སྒར་གྱི་ལས་ཀ་ཆེ་ཕྲ་ཡོངས་རྫོགས་ལེགས་གྲུབ་བྱུང་ནས་སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་གཉིས་ཉིན་བཞུགས་སྒར་གནམ་ཐང་བརྒྱུད་ནས་ལྡི་ལིར་འབྱོར། ལྡི་ལིར་ཆོས་གྲོགས་བླ་མ་བསོད་ནམས་རྡོ་རྗེ་དང་། ཆོས་གྲོགས་བླ་མ་རིག་འཛིན་ཚ་མོ་སངས་རྒྱས་ཆོས་སྒྲོན་སོགས་དང་ལྷན་ཉིན་ཤས་རིང་མཉམ་འགྲོ་མཉམ་འདུག་བྱས་པས་ཧ་ཅང་སྐྱིད་པོ་བྱུང་།

བཞི་པ་སིངྒ་པོར་ལས་འཆར་ཁག

སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་བཅུ་གཅིག་ཉིན་སངས་ཆོས་ཀྱི་གྲོགས་པོས་ལྡི་ལིའི་གནམ་ཐང་དུ་བསྐྱལ་ནས་ལྡི་ལིའི་གནམ་ཐང་ནས་སིངྒ་པོར་འབྱོར། སིངྒ་པོར་གནམ་ཐང་ནས་ངོས་ཀྱི་དགེ་ཕྲུག་ཀརྨ་བསོད་ནམས་གཙོས་སློབ་མ་འགའ་ཡིས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག། ཕན་ཚུན་ཁ་བཏགས་གཏད་ལེན་དང་ཁམས་འདྲི་སོགས་གྲུབ་མཚམས་ཀརྨ་བསོད་ནམས་ངེད་གཉིས་ཤར་བསྐྱོད་ཀྱིས་ཁོ་རང་གི་ནང་དུ་འབྱོར། ཁོང་ནི་ལོ་བཅུ་གསུམ་ཙམ་གྱི་ཡར་སྔོན་ང་སར་སྐྱབས་འགྲོའི་སྡོམ་པ་ཞུས་ཤིང་ཆོས་མིང་དུ་ཀརྨ་བསོད་ནམས་ཟེར་བཏགས། གཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ནང་མི་བཞི་ཡོད། ནམ་རྒྱུན་ཁོང་ནི་ཚོང་པ་ཡིན་ཅིང་གཟའ་ཟླ་ནི་དངུལ་ཁང་གི་ལས་བྱེད་ཅིག་ཡིན། སིངྒ་པོའི་འབྱོར་ལྡན་རྣམས་གྲལ་སྒྲིག་ནས་བསྡད་ས་བྷང་གི་ལོར་ཞེས་པ་དེར་ཐོག་རྩེག་གསུམ་རྒྱས་སྤྲོས་ཅན་གྱི་ཁང་པ་རྫིག་པོ་ཞིག་ནང་དུ་ཨེན་ཌི་ནི་ཤི་ཡ་ནས་ཡིན་པའི་གཡོག་མོ་གཉིས་བཞག་ནས་སྐྱིད་ཉལ་བྱས་ནས་བསྡད་ཡོད།

སིངྒ་པོར་ཡོད་པའི་ངོས་ཀྱི་འོད་དཔག་མེད་ཐེབས་རྩ་ཚོགས་པས་Amitbbha Foundation ནས་གྲ་སྒྲིག་བྱས་ནས་ཉིན་གཉིས་རིང་ཆོས་བཤད་དང་འཚོགས་པ་སོགས་ཡོད་པ་རྣམས་མི་མང་གི་འདོད་བློ་ལྟར་ཆོས་བཤད་སོགས་གང་དྲག་བྱས་པས་སློབ་མ་རྣམས་ཧ་ཅང་དགའ་བོ་བྱས་སོང་། རྒྱ་གར་ཚ་བ་དང་ཐལ་རྡུལ་གྱི་ཁྲོད་ནས་ལས་རིམ་རྣམས་གཅིག་རྗེས་གཉིས་མཐུད་ང་མི་གཅིག་གིས་བྱེད་དགོས་སྟབས་གཟུགས་པོར་ཐང་ཆད་འདུག་པས་མཐུན་རྐྱེན་དང་ཁོར་ཡུག་གཙང་བའི་སིངྒ་པོར་ཉིན་ཤས་རིང་ལྷོད་དལ་ངང་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།

དགུང་ཟས་དང་ཉིན་གུང་ཟ་མ་བཅས་སློབ་མ་རྣམས་སློབ་མ་རྣམས་འཚང་ཁ་ཤིག་ཤིག་རེད་གདའ། ཉིན་ཐ་མར་ཟ་ཁང་ཆེན་པོ་ཞིག་ནང་དུ་དགུང་ཟས་ལ་ས་གནས་འདིར་ཡོད་པའི་སློབ་མ་ཡོངས་རྫོགས་སླེབས་འདུག། དགུང་ཟས་ཚར་བའི་སྐབས་སུ་མི་མང་ནས་མ་འོངས་པར་སིངྒ་པོར་ཆོས་ཚོགས་ཞིག་སྒོ་ཕྱེས་ན་ཟེར་མཁན་འགའ་ཤས་བྱུང་། ངས་ཀྱང་བསམ་ཚུལ་དེར་གནས་སྐབས་ཡི་རངས་ཙམ་ལས་ཆོས་ཚོགས་སྒོ་ཕྱེ་རྒྱུའི་ཁས་ལེན་བྱེད་ཐུབ་མ་སོང་། ཡིན་ནའང་འོད་དཔག་མེད་ཀྱི་ཐེབས་རྩ་Amitbbha Foundation མི་གྲངས་ཇེ་མང་རེད་འདུག། སིངྒ་པོར་ང་ཡི་སློབ་མ་འདི་རྣམས་ང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཉིས་སྟོང་བཅུ་གཉིས་ལོར་བལ་ཡུལ་འཇམ་དབྱངས་ཆོས་འཁོར་གླིང་གི་སྦྱིན་བདག་དང་འགྲོ་སོང་ཡོངས་རྫོགས་ཁོ་རང་ཚོས་གཏང་ཞིང་། ད་ལྟར་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་ལོ་སྟར་ཆགས་མེད་པར་འགྲོ་ཡོངས་རྫོགས་ཀྱི་སྦྱིན་བདག་བྱེད་བཞིན་ཡོད།

ལྔ་པ་ང་མཱ་ལེ་ཤའི་ལས་འཆར་ཁག།

སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་བཅོ་ལྔ་ཉིན་སིངྒ་པོར་གནམ་ཐང་ནས་མཱ་ལེ་ཤཱ་མངའ་སྡེ་ཨེ་པོ་ལ་ཡོད་པའི་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་སུ་སོང་། གནམ་ཐང་ནས་ཚོགས་གཙོ་ཀརྨ་ཐུབ་བསྟན་དང་ཨ་ནེ་ཀརྨ་ཆོས་སྐྱིད་བཅས་མི་མང་པོ་ཞིག་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག ཕན་ཚུན་ཁམས་འདྲི་གྲུབ་མཚམས་བླ་སློབ་ཡོངས་རྫོགས་རྒྱ་ནག་ཟ་ཁང་ཞིག་ནང་དུ་སོང་ནས་ཉིན་ཟས་ལ་མཉམ་དུ་རོལ། མཱ་ལེ་ཤ་རུ་ཐེངས་མ་དང་པོ་ཉིས་སྟོང་གསུམ་ལོར་ཚོགས་གཉིས་རིན་པོའི་ཆེའི་ཆོས་ཚོགས་ཀྱི་རོགས་རམ་འོག་མ་ལེ་ཤ་རུ་ནད་བཅོས་ཀྱི་ཆེད་དུ་ཐོག་མར་སླ྄ེབས། སྐབས་དེ་དུས་བོད་ནས་གསར་དུ་འབྱོར་མ་ཐག་པའི་གྲྭ་པ་འགའ་དང་སྐད་བསྒྱུར་བཅས་བླ་གྲྭ་བཞི་ཙམ་ཡོད།

མཱ་ལེ་ཤའི་ནུབ་ཕྱོགས་རྒྱལ་ས་ཀོ་ལ་ལམྦུར་ཐག་ཉེ་སར་ཡོད་པའི་ཚོགས་གཉིས་རིན་པོ་ཆེའི་ཆོས་ཚོགས་ནང་དུ་བསྡད་ནས་རིན་པོ་ཆེའི་སློབ་མ་རྣམས་ཀྱི་བཀའ་དྲིན་གྱིས་སྨན་བཅོས་གང་དྲགས་བྱས་པས་ཉིན་རེ་བཞིན་ཇེ་ཡག་ཏུ་སོང་། དེ་ནས་བཟུང་སྟེ་གནའ་དཔེར། མི་གཅིག་བརྒྱུད་ནས་མི་བརྒྱར་འབྲེལ་བ་ཆགས་ཞེས་པ་ལྟར་མ་ལེ་ཤའི་ཕྱོགས་ནས་ངོ་ཤེས་འགའ་ཤས་བྱུང་ཞིང་ཆོས་བཤད་ས་ཡང་ཁ་ཤས་བྱུང་། ཡིན་ནའང་སྐབས་དེ་དུས་བོད་སྐད་ལས་མ་གཏོགས་སྐད་རིགས་གཞན་གང་ཡང་མི་ཤེས་སྟབས་ཆོས་བཤད་ལྟ་ཅི་ཐ་ན་ཟ་སྐད་འཐུང་སྐད་སོགས་ཀྱང་སྐད་བསྒྱུར་ལ་བསྟེན་དགོས། ད་ལྟ་ཕྱི་མིག་ཞིག་བལྟ་དུས་ངུ་འདོད་པ་ཞིག་ལ་སྐབས་དེ་དུས་ང་རང་གཙོར་བྱས་མཱ་ལེ་ཤ་དང་། སིངྒ་པོར། ཐེའི་ཝན་སོགས་ལ་འགྲོ་མཁན་བླ་སྤྲུལ་མང་ཆེ་ཆོས་ཀྱི་ཕྱག་ལས་ནི་ལོག་འཚོ་ལྔ་དང་མ་འབྲེལ་བ་ཕལ་ཆེར་མེད་སྟབས་ད་ལྟ་བསམ་བློ་འཁོར་ཐེངས་རེར་སེམས་པ་སྐྱོ་ལྷང་ངེར་བྱེད་ཀྱི་འདུག། བླ་སྤྲུལ་ཕལ་མོ་ཆེས་ཆོས་ཚོགས་སུ་གཡང་བུམ་དང་ཀླུ་བུམ་སོགས་བཅའ་སྒྲུབ་བྱེད་ཅིང་དེ་ཉིད་རིན་གོང་མཐོན་པོར་གཙོང་བ་དང་། སྐབས་རེ་ཁྲི་མཐོན་པོའི་སྒང་དུ་འཛེགས་ནས་དབང་འདོན་ནས་སློབ་མ་བསྡུ་ཞིང་གོ་སྐབས་དང་བསྟུན་ནས་སྐྱབས་སྡོམ་གནང་བ་སོགས་བྱེད་སྲོལ་ཡོད།

དེ་ལྟ་བུའི་རྐྱེན་འགའ་དང་འཕྲད་ནས་རིམ་གྱིས་ཤར་ཕྱོགས་རྒྱལ་ཁབ་རྣམས་སུ་འགྲོ་རྒྱུ་ཇེ་ཉུང་ལ་གཏང་བ་ཡིན། སྐབས་དེ་དུས་ངས་ཀྱང་ཆོས་ཚོགས་ཆུང་ཆུང་ཞིག་སྒོ་ཕྱེས། དེ་ནས་བཟུང་ད་བར་ལོ་རེར་ལྟ་སྐོར་ལ་ཐེངས་མ་རེ་འགྲོ་ནས་ཆོས་བཤད་སོགས་གང་དྲག་བྱེད་ཀྱི་ཡོད་ཀྱང་ཡུལ་ལུང་འདིར་དབང་སྐུར་དང་བུམ་གཙོང་སོགས་བྱེད་རྒྱུའི་ལམ་ལུགས་འདི་རྒྱུན་ལྡན་ལྟར་གྱུར་ནས་ད་ཐེངས་ཡིན་ནའང་ཆོས་བཤད་དུས་ཉན་མཁན་དང་དོ་སྣང་བྱེད་མཁན་དེ་ཙམ་མི་འདུག། ད་རེས་ཀྱིས་བྱེས་བགྲོད་འདི་རྒྱ་གར་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་བཞི་ཟླ་གཅིག་དང་ཉིན་བཅོ་ལྔའི་ནང་ཚུད་འཁོར་དགོས་སྟབས་མཱ་ལེ་ཤཱ་ཨེ་པོ་ངོས་ཀྱི་ཆོས་ཚོགས་ནང་དུ་ཉིན་གཉིས་རིང་ཆོས་བཤད་དང་། འཚོགས་པ། ཟུར་དུ་སྒེར་མི་ཐུག་འཕྲད་སོགས་བྱས་ནས་རྒྱལ་ས་ཀོ་ལ་ལམྦུར་སོང་ཞིང་ཉིན་ཤས་རིང་དེར་བསྡད། དེ་ནས་ཀུན་ཅིན་ལ་སོང་ཞིང་ཆོས་བཤད་དང་། རབ་གནས་བྱིན་རླབས་སོགས་ཁོ་རང་ཚོའི་འདོད་པ་ལྟར་གང་དགོས་བྱས་ནས་ཡང་སྐྱར་སིངྒ་པོར་འབྱོར།

དྲུག་པ་ཐེའུ་ཝན་འགྲུལ་བཞུད་སྐོར།

སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ཞོགས་པ་སིངྒ་པོར་གནམ་ཐང་ནས་ཤར་བསྐྱོད་ཐེའུ་ཝན་རྒྱལ་ས་ཐེའུ་པེ་རུ་ཆུ་ཚོད་ལྔ་རིང་གནམ་གྲུར་སོང་། གནམ་གྲུའི་ནང་གི་ལས་བྱེད་ཞབས་ཞུ་མ་བུ་མོ་ལོ་ཆུང་ཞིག་ནས་ང་མཐོང་བ་མཉམ་དུ་རྒྱ་ལུགས་ལྟར་ལག་པ་ཐང་དུ་བཞག་ནས་ཕྱག་འཚལ་གིན་འདུག། ཟུར་དུ་འདུག་ཅིང་གུས་ཞབས་དང་བཅས་པའི་སྒོ་ནས་ང་ཡི་ཨ་མ་ལོ་ལྟར་རྒྱ་གར་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུངས་ཆོས་ལ་འགྲོ་གི་རེད། ཉིན་གཅིག་ལ་ང་ཡང་འགྲོ་ཐུབ་པའི་རེ་བ་ཡོད། ཁྱེད་རང་གནམ་གྲུའི་ནང་ནས་ག་རེ་དགོས་ན་ང་ལ་གསུངས་རོགས་ཟེར་ནས་བུ་མོས་གུས་ཞབས་མཚོན་སྟངས་འདིར་དཔྱད་ན་ཐེའུ་ཝན་ལུང་པ་འདིར་ཆོས་དད་ཆེན་པོ་ཡོད་པ་གནམ་གྲུའི་ནང་ནས་ཀྱང་ཕལ་ཆེར་ཤེས་སོང།  ལར་ནི་ཐེའུ་ཝན་ལུང་པ་འདི་ཆོས་དད་ཆེ་རབས་དང་། མི་གཤིས་བཟང་རབས། གྲོགས་པོ་མང་པོའི་རྒྱུད་ནས་གོ་བ་ལས་མ་གཏོགས་ཐེའུ་ཝན་ལུང་པར་བསྐྱོད་པ་ཐེངས་མ་དང་པོ་དེ་ཡིན། ཐེའུ་ཝན་ལུང་པ་འདི་ནི་རྒྱ་གར་བལ་ཡུལ་བོད་སོགས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་མང་པོ་ཁ་གསོ་བྱེད་བཀའ་དྲིན་ཅན་གྱི་མཆོད་སྡེའི་རྒྱལ་ཁབ་ཞིག་ཡིན་པའང་ཤེས་ཀྱི་ཡོད། གང་ལྟར་གནམ་ཐང་དུ་ངོས་ཀྱི་གྲོགས་པོ་པདྨ་བསོད་ནམས་ལགས་དང་རྒྱ་ཡི་བཙུན་མ་ཞིག་གཉིས་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག གནམ་ཐང་ནས་ཟ་མ་སྟབས་བདེ་ཞིག་ཟོས་ནས་རླངས་འཁོར་ཁ་ཕྱོགས་ཐེའུ་ཙོང་སོགས་སུ་བསྒྱུར་ནས་ཕན་ཚུན་ཁ་བརྡ་བྱེད་བཞིན་ཆུ་ཚོད་གཉིས་མ་ཟིན་ཙམ་འགྲོ་དགོས་འདུག། འགྲོ་ས་ནི་རྒྱ་ལུགས་ཀྱི་དགོན་པ་ཞིག་རེད་འདུག་ཀྱང་ཕྱི་ལོགས་ནས་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་བོད་ཀྱི་ལུགས་སྲོལ་ལྟར་ལག་ཏུ་ཁ་གཏགས་བཟུང་ནས་སྒུག་འདུག། དེ་ནི་གྲོགས་པོ་པདྨ་བསོད་ནམས་ཀྱི་ཤུགས་རྐྱེན་ཡིན་པ་ཚོད་དཔག་བྱེད་ཐུབ། པདྨ་བསོད་ནམས་ནི་ཐེའུ་ཝན་གྱི་རྒྱ་རིགས་ངོ་མ་ཞིག་རེད། ང་བོད་ནས་༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་སྤྱི་ཟླ་བཅུ་གཅིག་ནང་བཞུགས་སྒར་རྡ་རམ་ཤཱ་ལར་ལུས་རྔུལ་དྲི་ཕ་ལེ། ཁ་སྐྱུག་དྲི་ཕ་ལེ་གསར་འབྱོར་ཞེས་རྣ་བར་གཟེན་པའི་མིང་ངན་དེ་ཁུར་ནས་འབྱོར་བའི་སྐབས་སུ་པདྨ་བསོད་ནམས་ངོ་ཤེས་སུ་གྱུར་པ་མ་ཟད་སྣེ་ལེན་ཁང་ནས་ཕྱི་ལོགས་སུ་ཐོན་ཚར་ཐོག་ངེད་གཉིས་ཁང་པ་གཅིག་ནང་དུ་ལོ་གཅིག་མ་ཟིན་ཙམ་མཉམ་དུ་འདུག་མྱོང་བའི་གྲོགས་པོ་ཞིག་ཡིན། ཁོང་ཡང་སྐབས་དེ་དུས་ཐེའུ་ཝན་ནས་རྡ་སར་ཡོང་བའི་གསར་འབྱོར་གཅིག་པ་རེད་འདུག།

ཁོང་རྡ་སར་ཡོང་དོན་ནི་བོད་སྐད་སྦྱང་བའི་ཆེད་དུ་རེད་གདའ། སྐབས་དེ་དུས་དགེ་ལུགས་པའི་བླ་མ་བཟོད་པ་རིན་པོ་ཆེའི་སྐད་བསྒྱུར་ཚོགས་པར་ཁོང་གཙོས་ཕྱི་རྒྱལ་བའི་མི་གྲངས་སུམ་བཅུ་མ་ཟིན་ཙམ་ཞིག་འདུག། ཁོང་ནི་རིག་པ་རྣོ་ལ་བརྩོན་འགྲུས་དང་ལྡན་པ་ཞིག་ཡིན་སྟབས་ཟ་ཞོར་འཐུང་ཞོར་འགྲོ་ཞོར་འདུག་ཚུན་ལ་བོད་ཀྱི་སྐད་ཡིག་གཉིས་ལོ་གཉིས་ནང་ཚུད་བྱང་ཆ་དང་ལྡན་པར་ཆགས། རྗེས་སོར་ཐེའུ་ཝན་སོགས་ནས་བླ་མ་མང་པོའི་སྐད་བསྒྱུར་གནང་བ་མ་ཟད་དེང་སང་ནི་ཕྱི་ལུགས་ཀྱི་སྨན་བཅོས་རྐམ་ཁབ་ཀྱི་ལག་ལེན་ལ་ཧ་ཅང་མཁས་པ་མ་ཟད་ལོ་རེ་བཞིན་བོད་ལ་འགྲོ་ནས་རིན་མེད་ཀྱི་ནད་པ་མང་པོར་ལྟ་སྐྱོང་གནང་བཞིན་པ་ཡིན་སྐད་འདུག། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ངོས་ཀྱི་ཆོས་གྲོགས་འཇའ་ཚོན་རིན་པོ་ཆེའམ་གྲྭ་མིང་དུ་བདུད་འདུལ་མཇལ་རྒྱུ་དེ་ཡིན། ཁོང་གི་གྲྭ་མིང་དུ་བདུད་འདུལ་ཞེས་འབོད། ད་ལྟ་ཁོང་ནི་རིག་འཛིན་འཇའ་ཚོན་སྙིང་པོའི་ཡང་སྲིད་རེད།  ཞོགས་པ་རིན་པོ་ཆེ་ནས་ཆ་འཕྲིན་རྒྱུད་ད་རེས་མ་འཕྲད་ཡུན་རིང་འགོར་བའི་ཆོས་གྲོགས་དེ་ཡག་རབ་དང་བཟང་རབ་སོགས་ཕན་ཚུན་སྐད་ཆ་ཡུན་རིང་བྱས་མཐར་རིན་པོ་ཆེ་ནས་ང་ད་ལྟ་རང་ཁྱེད་རང་སར་ཡོང་གི་ཡིན། དེ་རིང་ངེད་གཉིས་ཉིན་ཟས་མཉམ་དུ་བཟའ་ནས་ངོས་ཀྱི་ཆོས་གྲོགས་ལ་འགྲོ་དགོས་གསུངས། ངས་ཀྱང་དེ་བཞིན་དང་ལེན་ཞུས། ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ནས་རིན་པོ་ཆེ་དང་སློབ་མ་ཞིག་བཅས་མཉམ་དུ་ཕེབས་སོང་བས་བོད་ལུགས་ལྟར་དུ་ཕན་ཚུན་མཇལ་དར་གཏོང་རེས་བྱས། ཁོང་ནས་དེ་རིང་ང་རང་གཉིས་ཉིན་གུང་ཟ་མ་བཟའ་རུ་འགྲོ་ཟེར་ནས་ཁྲིད་སོང་བས་རི་མགོ་ཞིག་ཏུ་སླེབས།

དེར་ཟ་ཁང་སྟབས་བདེ་ཞིག་འདུག་པས་ངེད་གཉིས་ཉིན་ཟས་མཉམ་བཟའ་བྱས། ཟུར་དུ་ཁོང་ནས་མ་འོངས་པར་དགོན་པ་གསར་གཞེངས་ཀྱི་ཆེད་དུ་ས་ཆ་སྟོང་པ་ཞིག་ཉོས་འདུག་པས་ང་ལ་རབ་གནས་དགོས་གསུངས་པ་ལྟར་ཕན་ཚུན་སྨོན་ལམ་སོགས་གང་ཤེས་བྱས། ཉིན་རྒྱབ་ཐེའུ་ཝན་གྲོང་ཁྱེར་ནང་དུ་ཡོད་པའི་ཁོང་གི་ཆོས་ཆོགས་སུ་འབྱོར། ཁོང་གི་ཆོས་ཚོགས་ནི་ཧ་ཅང་ཡངས་ཤིང་རྒྱ་ཆེ་ལ་བྱིན་རླབས་ཆེ་མདོག་ཁ་བོ་ཞིག་འདུག། འཇའ་ཚོན་རིན་པོ་ཆེན་ནི་ངོས་ཀྱི་ཕ་དགོན་དང་གཅིག་པ་ཡིན་པ་མ་ཟད་ཆུང་ནས་མཉམ་འགྲོགས་བྱས་ཤིང་རང་ལོ་ཉེར་གཅིག་སྐབས་སུ་རང་དགོན་མཆོག་གླིང་གཏེར་གསར་སྒྲུབ་ཁང་ནང་དུ་ལོ་གསུམ་ཟླ་གསུམ་མཉམ་དུ་བསྡད་པའི་ཆོས་གྲོགས་ཞིག་ཀྱང་ཡིན། ཁོང་ནི་ཆུང་ནས་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ་བའི་གྲྭ་ཁྱད་པར་ཅན་ཞིག་ཡིན། རང་དགོན་གྱི་ཆོ་ག་ཕྱག་ལེན་སོགས་ཧ་ཅང་མཁས་ཤིང་། མ་ཟད་གསེར་རྟ་ཆོས་སྒར་དང་། ཡ་ཆེན་ཆོས་སྒར་སོགས་འགྲིམ་ནས་ཐོས་བསམ་སྒོམ་གསུམ་མ་བྲལ་དུ་སོང་བའི་ཚད་ཐུབ་ཀྱི་བླ་མ་ཞིག་ཡིན། ༡༩༩༨་ལོར་ངོས་རང་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བའི་རྗེས་སུ་ཁོང་ཡང་རྗེས་ནས་བལ་ཡུལ་བརྒྱུད་ཐེའུ་ཝན་སོགས་སུ་ཕེབས། ཐེའུ་ཝན་ནས་གདུལ་བྱ་དུས་སུ་བབས་ཞེས་པའི་དོན་ལྟར་འགྲོ་དོན་དང་གདུལ་བྱ་ལེགས།

རྗེས་ནས་བོད་ལ་བཞུགས་པའི་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དང་། བལ་ཡུལ་ལ་བཞུགས་པའི་སྐྱབས་རྗེ་ཞི་བར་གཤེགས་པ་འཁྲུལ་ཞིག་རིན་པོ་ཆེ་གཉིས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་རིག་འཛིན་འཇའ་ཚོན་སྙིང་པོའི་ཡང་སྲིད་དུ་ངོས་འཛིན་གནང་། རྒྱ་གར་རྡོ་རྗེ་གདན་དུ་འཚོགས་བཞིན་པའི་བཀའ་བརྒྱུད་སྨོན་ཆེན་མོར་ལོ་དྲུག་ཙམ་རིང་བསྟན་པའི་སྦྱིན་བདག་གནང་བ་བཅས་ཁོང་གི་འཁོར་ལོ་གསུམ་གྱི་མཛད་བཟང་གང་ལ་དཔྱད་ཀྱང་དངོས་གནས་ཡི་རངས་སྐྱེ་འོས་པ་ཞིག་རེད་འདུག། དེ་རིང་དམ་ཚིག་ལ་སེར་ཁ་མ་ཞུགས་པའི་ཆོས་གྲོགས་དེ་དང་དངོས་སུ་མཇལ་འཕྲད་བྱུང་བ་ཧ་ཅང་དགའ་བོ་བྱུང་། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ཆོས་གྲོགས་པདྨ་བསོད་ནམས་ནས་ཐེའུ་པེའི་གནམ་ཐང་ལ་སྐྱེལ་མ་བྱས། གནམ་ཐང་ནས་ངེད་གཉིས་ཀར་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་རྣམ་འགྱུར་དང་ཚོར་བ་བཅས་བྱུང་། ཐེའུ་པེའི་གནམ་ཐང་བརྒྱུད་ནས་མཁའ་ལམ་ཆུ་ཚོད་བཅུ་གཅིག་རིང་ཨ་རི་ཁ་ལི་ཧྥོ་ཉའི་གནམ་ཐང་དུ་ཉིན་རྒྱབ་ཆུ་ཚོད་ལྔ་པའི་སྐབས་སུ་འབྱོར་བྱུང་། གནམ་ཐང་ནས་ཆོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧར་གྲེའུ་དང་། ཨ་མ་སུ་སིན་གཉིས་ནས་ལག་ཏུ་ཁ་བཏགས་དང་མེ་ཏོག་བཟུང་ནས་སྒུག་འདུག། ཕན་ཚུན་ཁམས་འདྲི་དང་བླ་སློབ་ལྷན་འཛོམས་ཀྱི་དགའ་བའི་ཉམས་དང་བཅས་རླངས་འཁོར་གྱི་ཁ་ཕྱོགས་མོན་ཊེའུ་རེའི་ཕྱོགས་སུ་བསྒྱུར་ནས་ཡོང་བས་ལམ་བར་དུ་ཆུ་ཚོད་གཉིས་ཙམ་འགོར་ཞིང་དགུང་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་ཆོས་ཚོགས་སུ་འབྱོར།

ཆོས་ཚོགས་སློབ་མ་ཉི་ཤུ་ཙམ་གྱིས་ལག་ཏུ་ཁ་བཏག་བཟུང་ནས་ཕྱི་ལོགས་ནས་སྒུག་འདུག། བླ་སློབ་ཕན་ཚུན་གྱི་དམ་ཚིག་གི་བརྩེ་གདུངས་ཇི་ལྟར་ཟབ་མིན་རྣམ འགྱུར་ལས་དཔག་ཐུབ་པས་འགའ་ཤས་ནི་དགའ་བའི་རྣམ་འགྱུར་གྱིས་མཆོང་ལྡིང་བྱེད་བཞིན་འདུག། ངས་རྒྱ་གར་གཙོས་ཤར་ཕྱོགས་རྒྱལ་ཁབ་རྣམས་ཀྱི་འགྲུལ་བཞུད་ལོ་རྒྱུས་ཐུང་བཤད་ཞིག་བྱས་ནས་ངལ་གསོ་བྱས། ད་རེས་འགྲུལ་བཞུད་རིང་དྲགས་པའི་རྐྱེན་གྱིས་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་དང་། བྱིན་ཆགས་ཆགས་ཀྱི་ཆོས་ཚོགས་དེ་དྲན་པ་ཚད་ཅིག་མིན་འདུག། གང་ལྟར་རང་ཁྱིམ་དུ་དགའ་སྐྱིད་ངང་འབྱོར་བ་ཧ་ཅང་དགའ་བོ་བྱུང་། དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།