Thursday, November 7, 2019

ཨ་རིའི་ཤར་ཕྱོགས་སུ་བསྐྱོད་པའི་ཚོར་བ་དམར་རྗེན་མ།


༅༅།། ཉེ་བའི་ཆར་ཆོས་ཕྱོགས་ཀྱི་ལས་དོན་འགའ་ཡི་རྐྱེན་ཨ་རིའི་ཤར་ཕྱོགས་ཉིའུ་ཡོག་དང་བྷོ་སི་ཊོན་སོགས་ལ་སོང་། ཉིའུ་ཡོག་ནི་བོད་རིགས་མང་ཤོས་འདུ་འཛོམས་བྱེད་ས་ཆབ་སྲིད་ཀྱི་བྲོ་གར་འཁྲབ་ཅིང་། ཆོས་ལུགས་ཀྱི་དབང་སྐུར་བྱེད་སའི་ས་གནས་གལ་ཆེན་ཞིག་ཀྱང་ཡིན། ང་ནི་ཡུན་རིང་ཁ་བྲལ་དུ་སོང་བའི་ཚ་བོ་དང་ཚ་མོ་སྤུན་མཆེད་དེ་བཞིན་ཕ་ཡུལ་གཅིག་པ་སོགས་དང་མཉམ་དུ་ཆོས་ཕྱོགས་ཀྱི་ལས་བྲེལ་ཆེ་མིན་ལ་མ་ལྟོས་པར་རེས་གཟའ་སྤེན་པའི་ཉིན་མོ་དུས་ཚོད་མཉམ་དུ་བསྐྱལ་ནས་རྒྱ་སེང་ཧའི་Jackson high ཞེས་རྒྱ་གར་མན་ཇུ་ཀ་ཊི་ལ་གཉིས་པ་ལྟ་བུ་དེར་སྤུན་མཆེད་རྣམས་དང་ལྷན་འཆམ་ཉུལ་བྱས། ཡུན་རིང་མ་རག་པའི་བོད་ཟས་དེ་ཁ་ལ་ཞིམ་ཀྱང་། ཡུན་རིང་མ་ཐོས་པའི་བོད་པའི་སྲིད་དོན་དང་འབྲེལ་ཆོལ་ཁ་ཆོས་ལུགས་ཀྱི་གཏམ་ངན་དེས་རྣ་བར་ཧ་ཅང་གཟན་པོ་བྱུང་། དེང་སང་བོད་རིགས་གཉིས་མཉམ་དུ་ཡོད་ནས་བཟུང་སྟེ་ཆོལ་ཁ་དང་ཆོས་ལུགས། དབུ་མ་དང་རང་བཙན། སྤེན་ཚེ་དང་བློ་སེང་སོགས་མཛོ་ཕོའི་ཚུགས་ལམ་བཅོ་བརྒྱད་ཀྱི་སར་ཡོད་ཀྱང་ཉེ་སྐྱོན་ལས་རིང་སྐྱོན་མེད་པའི་དྲི་ངན་ཅན་གྱི་འཆལ་གཏམ་འདིའི་རིགས་ལ་ཉན་འདོད་གཏན་ནས་མེད། ང་ནི་བོད་པའི་སྤྱི་ཚོགས་འདི་ལ་ཐག་རིང་དུ་ལྷག་པ་དེས་གྱོང་ལས་ཁེ་ཆེ་བ་ཞིག་ཡོད་པ་ད་གཟོད་གཞི་ནས་ཤེས། 
མདོར་བསྡུས་ན། 
།ས་ཆ་གང་དུ་བསྡད་ཀྱང་བོད་དོན་རེ་བྱས་ན། །དབུ་མ་རང་བཙན་གཉིས་ཀྱི་རྩོད་པ་དེ་མི་དགོས།  
།རང་ཉིད་གངས་ཅན་པ་ཡི་སྤྱི་མི་ཞིག་ཡིན་ན། །ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཐབས་སྡུག་འདི་མི་དགོས།
 །ཕ་ས་ཤོར་བའི་སྐྱབས་བཅོལ་བོད་མི་ཞིག་ཡིན་ན། །བློ་སེང་སྤེན་ཚེའི་ཕྱོགས་གཏོགས་འཁྲུགས་འཛིང་འདི་མི་དགོས། 
།གཟུར་གནས་ལྷག་བསམ་ལྡན་པའི་བོད་མི་ཞིག་ཡིན་ན། །རང་གཞུང་རྡོག་རྫིས་གཏོང་བའི་དཔའ་སྐད་དེ་མི་དགོས། 
།རང་ཚུགས་མདའ་ལྟར་དྲང་བའི་སྤྱི་མི་ཞིག་ཡིན་ན། །མ་རབས་གཞུ་ལྟར་གུག་པའི་དྲྭ་འབུ་རྣམས་མི་དགོས། 
།དགྲ་གཉེན་དབྱེ་འབྱེད་ཤེས་པའི་ཕོ་རྒོད་ཞིག་ཡིན་ན། །གྲི་མགོ་ནང་དུ་འཕུར་བའི་ཞབས་འདྲེན་དེ་མི་དགོས།
 །བཙན་བྱོལ་བོད་གཞུང་འདི་ལ་ལྷག་བསམ་ཞིག་ཡོད་ན། །ལུང་ཚན་སྐྱིད་སྡུག་མང་པོའི་འཐེན་ཁྱེར་དེ་མི་དགོས། 

༦ ༡༡ ༢༠༡༩ བྷོ་སི་ཊོན་ནས་མཁན་པོ་ཀར་བསྟན་གྱིས། 


No comments:

Post a Comment