Friday, March 20, 2020

སུམ་བཅུ་དུས་དྲན་ཐེངས་མ་རེ་གཅིག་པ།


ས་གནས་འདིར་འབྱོར་ནས་བཟུང་རང་འཁོས་ནུས་པ་གང་ཡོད་ཀྱིས་ཆོས་སྲིད་གང་གི་ཐད་ནས་ཡིན་ཀྱང་ལྷོད་གཡེང་དང་འཐུས་ཤོར་མེད་པར་གང་དྲག་བྱེད་ཁུལ་བྱེད་ཀྱི་ཡོད། ལྷག་པར་དུ་ལོ་རེའི་སུམ་བཅུ་དུས་དྲན་གྱི་སྐབས་སུ་རང་དོན་རང་གཅེས་ཀྱིས་རང་ཉིད་བོད་ས་དགྲ་ལག་ཏུ་ཤོར་ཞིང་། རང་གི་ཨ་མ་དང་ཨ་ཞང་སོགས་དགྲ་བོའི་འཐབ་རྩོད་ཀྱི་ཁྲོད་དུ་མུག་ཤི་ཐེབས། བཀའ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མ་ཉིད་ཀྱང་བཙོན་ཁང་ནང་དུ་མི་ལོ་ཉེར་གཅིག་རིང་དཀའ་སྡུག་མྱང་། ཐ་ན་རང་ཉིད་ཀྱང་མི་འདོད་བཞིན་དུ་ས་མཐར་འཁྱར་དགོས་བྱུང་བའི་གནས་སྟངས་འདི་འདྲ་ཞིག་ཡིད་ལ་འཁོར་བའི་སྐབས་སུ་སུམ་བཅུ་དུས་དྲན་ནི་བརྗེད་ཐབས་གཏན་ནས་མེད་པའི་དུས་དྲན་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། 
༡༩༤༩ ནས་བཟུང་སྟེ་བོད་འདི་རྒྱ་ནག་དམར་པོའི་གཞུང་གིས་ཟ་སེམས་ཀྱིས་ལྷ་ལུང་ནང་དུ་འདྲེ་ལག་བསྐྱངས། ༡༩༥༩ ལོར་བོད་ཁམས་སོགས་ནས་རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་མི་འདོད་བཞིན་དུ་བཙན་གྱིས་དབང་བསྒྱུར་དང་། བསད་རྡུང་། འཐབ་རྩོད། བཙོན་འཇུག་སོགས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་བྱུང་ཡོད། སྐབས་དེ་དུས་ཆོལ་ཁ་དང་ཆོས་ལུགས་གང་ཡིན་ཁྱད་པར་མེད་པར་རྩིད་སྐུད་མགོ་བྲེགས་པ་ནང་བཞིན་སྐྱབས་མགོན་ཐམས་ཅད་མཁྱེན་པས་གཙོར་བྱས་ཆོལ་ཁ་གསུམ་གྱི་བོད་རིགས་སྐྱབས་བཅོལ་བ་མང་པོ་ཞིག་ལུང་པ་དགྲ་ལག་ཏུ་ཤོར་ནས་སྲན་ཕུང་དབྱུགས་པས་སྟོར་བ་ནང་བཞིན་ད་ལྟ་འཛམ་གླིང་གང་སར་ཡུལ་གྱར་བའི་འཚོ་བའི་ཁྲོད་དུ་བསྡད་དགོས་བྱུང་ཡོད། 
ཡིན་ནའང་ད་དུང་ངོས་ཀྱི་ངོ་ཤེས་ཡུལ་གྱར་བའི་བླ་སྤྲུལ་འགའ་ཡིས་རྒྱ་ནག་དམར་པོའི་སྲིད་གཞུང་ནས་སོ་སོའི་ཕ་ས་དགྲ་ཡིས་འཕྲོག་ཅིང་དགོན་སྡེ་རྩ་གཏོར་གཏང་བ་ཤེས་བཞིན་དུ་བོད་ཀྱི་རྩ་དོན་ལ་དོ་སྣང་བྱས་ན་དེ་ནི་སྲིད་དོན་ནག་པོ་རེད་ཅེས་ཁུངས་ལུང་རྒྱུ་མཚན་གང་ཡང་མེད་པར་འགྲེལ་བཤད་བྱེད་ཀྱི་འདུག
 ངས་བསམ་ན་དེ་ནི་བརྟག་དཔྱད་མ་བྱས་པའི་སྨྱོ་གཏམ་ཞིག་གམ་ཡང་ན་ཁམས་པའི་གཏམ་དཔེར། གྱེར་ནས་ལོང་བརྫུ་དང་། ཉན་ནས་འོན་བརྫུ་བྱེད་ཟེར་བ་དེ་ངོ་མ་རེད་བསམ། 
གང་ལྟར་ཀྱང་དེ་ལྟར་བཤད་མཁན་བོད་རིགས་མཐོ་དམན་སུ་ཡིན་ཀྱང་ངས་ནི་མོས་མཐུན་གཏན་ནས་མེད་པ་མ་ཟད་གང་ཟག་དེ་ཉིད་ཀྱི་རྒྱུད་ལ་ལྷ་ཆོས་ཕར་ཞོག་མི་ཆོས་གཙང་མ་ལས་འབྲས་དང་། དགེ་བཅུའི་ལྟ་བ་ཡང་དག་ཞིག་རྒྱུད་ལ་མེད་པ་ཚོད་དཔག་བྱེད་ཐུབ། 
ང་རང་ཉིད་ལ་མཚོན་ན་དེང་སང་སྐྱེ་ཚར་བྱེད་ས་ཕྱི་རྒྱལ་ཡིན་པའི་བོད་རིགས་ན་གཞོན་བོད་ས་མིག་གིས་མཐོང་མ་མྱོང་མཁན་འདི་རྣམས་དང་གཏན་ནས་མི་འདྲ་བར་བོད་ལ་སྐྱེ་ཚར་བྱུང་ཞིང་བོད་ཀྱི་གནས་སྟངས་ངོ་མ་གང་ཡིན་པ་མི་ཡིས་འགྲེལ་བཤད་བྱེད་མ་དགོས་པར་རང་ཉིད་ནས་མངོན་སུམ་མིག་མཐོང་ལག་ཟིན་མྱོང་མཁན་ཞིག་ཡིན། གནས་སྐབས་སྟོབས་ལྡན་རྒྱལ་ཁབ་ཞིག་ལ་སྐྱབས་བཅོལ་ས་རྙེད་ཙམ་ཞིག་ནས་ད་ལྟའི་བོད་ཀྱི་གནས་སྟངས་འདི་གཏིང་བརྗེད་དུ་ཕྱིན་ན་དེ་ནི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཡིན་ཀྱང་མི་ཧ་ཅང་ཐབས་སྡུག་ཞིག་རེད། འདས་པའི་མི་ལོ་དྲུག་བཅུའི་རིང་གཞིས་བྱེས་བོད་རིགས་རྣམས་ཀྱིས་མྱང་བའི་དཀའ་སྡུག་འདི་དུས་ནམ་ཡང་བརྗེད་ཐབས་མེད། 
ང་ས་གནས་འདིར་འབྱོར་ནས་བཟུང་སྟེ་སུམ་བཅུ་དུས་དྲན། རྒྱལ་བའི་འཁྲུངས་སྐར། ལོ་གསར་སོགས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་དྲན་ཁག་སྲུང་བརྩི་བྱེད་ཀྱི་ཡོད། 
ས་གནས་འདིར་བོད་པའི་ཁྱིམ་ཚང་གཅིག་ལས་མ་གཏོགས་མེད་ཀྱང་སུམ་བཅུའི་དུས་དྲན་ཉིན་མོ་འདིར་ང་ཚོ་མཉམ་རུབ་ཀྱིས་ས་གནས་འདིར་སྐད་འབོད་དང་ཁྲོམ་སྐོར། བོད་དོན་ཁྱབ་སྒྲག་སོགས་བྱེད་ཀྱི་ཡོད། ད་ལོ་དང་ན་ནིང་གཉིས་ལ་ངོས་ཀྱི་ཚ་མོ་བདེ་ཆེན་དབྱངས་སྐྱིད་ཀྱང་ཡོད་པས་ལས་འགུལ་འཐུས་ཚང་དང་ཡར་རྒྱས་ལ་ཁྱད་པར་ཆེན་པོ་འདུག། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཚང་མ་ངོས་ཀྱི་དགེ་ཕྲུག་དབྱིན་ཇི་རྣམས་རེད། 
ཁ་སང་གི་ཉིན་མོ་འདི་ནི་བོད་རིགས་རྣམས་ཀྱིས་སུམ་བཅུ་དུས་དྲན་ཞེས་འབོད་ཀྱི་ཡོད། དེ་ནི་༡༩༥༩སྤྱི་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་དུས་ཆེན་གྱི་ཉིན་མོ་དེ་རེད། ངས་ཀྱང་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་གངས་སེང་རྒྱལ་དར་ཁྲ་བོ་དེ་ཕྲག་ཏུ་བཀལ། བོད་རང་བཙན་ཡིན། ཞེས་པའི་སྦྱར་བྱང་དེ་ལག་ཏུ་བཟུང་ནས་འཁོར་དུ་ངོས་ཀྱི་ཚ་མོ་དང་། གྲོགས་པོ་དངོས་གྲུབ་རྡོ་རྗེ་གཉིས་གཙོས་པའི་ཆོས་ཚོགས་ཀྱི་སློབ་མ་ཉི་ཤུ་ཙམ་གྱིས་མཐའ་སྐོར་ནས་མི་མང་འདུ་སྡོད་བྱེད་སའི་ས་གནས་ལམ་མདོ་དེར་མཚོ་གླང་གིས་དར་གཤགས་པ་ནང་བཞིན་སྐད་འབོད་བྱེད་ལ་སོང་། དེ་ནི་ཁམས་པའི་གཏམ་དཔེར། ཤེད་ཆེ་ནི་འབྲོང་ལ་མ་འཐམ་སྟེ། འུས་ཐུག་ན་མ་འཐམ་རང་འཐམ་རེད། ཟེར་བའི་དཔེ་ལྟར་རེད། 
ས་གནས་དེར་འབྱོར་མ་ཐག་འཛེམས་ཟོན་གང་ཡང་མེད་པར་ངོས་ཀྱི་དབྱིན་ཇི་ར་མ་ལུག་དེ་རྒྱབ་ནས་ད་ལོའི་སུམ་བཅུ་དུས་དྲན་དེ་དུས་དྲན་དྲུག་བཅུ་རེ་གཅིག་པ་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོའི་དགུང་ལོའི་བབས། ད་ལྟའི་བོད་ཀྱི་གནས་སྟངས་སོགས་ཚོར་བ་རྣོན་པོའི་སྒོ་ནས་འགྲེལ་བཤད་ཐུང་ཙམ་བྱས་ནས་གཞུང་ལམ་གྱི་འགྲམ་ནས་གཟི་བརྗིད་ཅན་གྱི་གངས་སེང་རྒྱལ་དར་དེ་ནམ་མཁར་ལྷབ་ལྷུབ་རླུང་གིས་བསྐྱོད་བཞིན་དུ་ངག་ནས་བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མི་ཐོབ་ཐང་དགོས་སོགས་འབོད་ཚིག་འདྲ་མིན་གང་དྲན་སྐད་འབོད་བྱས། གཞུང་ལམ་ནང་གི་རླངས་འཁོར་རྣམས་ཀྱིས་བོད་ལ་དགའ་རྟགས་ཀྱི་ཅོང་སྒྲ་རྒྱུན་ཆད་མེད་པར་རེད་འདུག། 
ད་ལྟའི་བོད་ཀྱི་གནས་སྟངས་འདི་ང་ཚོའི་བོད་རིགས་སྐྱ་སེར་ཡོངས་ཀྱི་ལས་འགན་ཆེན་པོ་ཞིག་ལས་ཆོལ་ཁ་དང་ཆོས་རྒྱུད་གང་རུང་། བླ་མ་དང་བླ་བྲང་གང་རུང་ཞིག་གི་འགན་འཁྲིའི་སྒང་ལ་གཡུགས་བཞག་ན་གཏན་གཏན་ནོར་འཁྲུལ་ཆེན་པོ་རེད་བསམ། 

ལོ་གཉིས་ཡར་སྔོན་དབྱིན་ཇི་ཕོ་གསར་ཞིག་ནས་འདི་ལྟར་ཟེར། 
“ང་ཆོས་ཚོགས་ག་གེ་མོ་དང་བླ་མ་ག་གེ་མོ་མཉམ་དུ་ཡུན་རིང་སོང་ཡང་ད་ལྟའི་བོད་ཀྱི་གནས་སྟངས་འདི་འགྲེལ་བཤད་བྱེད་མཁན་ཁྱོད་རང་ལས་མ་གཏོགས་མཐོང་མ་སོང་། ལྷག་པར་དུ་བོད་པའི་ཆོས་ཚོགས་རྣམས་ཀྱིས་སུམ་བཅུ་དུས་དྲན་འདི་སྲུང་བརྩི་བྱེད་མཁན་མི་འདུག། མ་ཟད་མིང་འབོད་འདོད་མེད་པའི་བླ་མ་ཞིག་ནས་ད་ལྟའི་བོད་ཀྱི་གནས་སྟངས་འདི་ཧ་ཅང་ཡག་པོ་རེད་ཟེར་ནས་རྒྱ་ནག་གཞུང་ལ་བསྟོད་ར་བྱེད་ཀྱི་འདུག། དེ་ནས་བཟུང་སྟེ་ང་ཁོ་ལ་དགའ་མ་སོང་ཟེར།“
ངས་ཀྱང་གདོང་ལ་སྐྱོ་ཉམས་དང་བཅས་དབྱིན་ཇི་ཕོ་གསར་གྱི་སྐད་ཆ་དེར་མོས་མཐུན་མ་བྱས་ཐབས་མེད་བྱུང་། 
ཞིབ་ཏུ་བསམ་བློ་གཏང་ན་བོད་དོན་ལ་རྒྱབ་སྐྱོར་བཙལ་སའི་ཁོར་ཡུག་ཡག་ཤོས་ནི་ཆོས་ཚོགས་དང་དགོན་པ་རྣམས་ཀྱི་ནང་ནས་རེད་འདུག། བོད་ཀྱི་ནང་ཆོས་ལ་དགའ་མཁན་ཞིག་ཡིན་ན་རང་བཞིན་གྱིས་བོད་ཀྱི་སྲིད་དོན་དང་རྒྱལ་རབས་སོགས་ལའང་དོ་སྣང་བྱེད་ཀྱི་ཡོད་པས་ང་ཚོ་བོད་ཀྱི་བླ་མ་རྣམ་པས་ཀྱང་དེའི་སྐོར་ལ་ངེས་པར་ཐུགས་སྣང་གནང་བའི་དུས་ལ་བབས་འདུག
སྤྱིར་གཏང་ཆོས་དང་འཇིག་རྟེན་གཉིས་མཉམ་བསྲེ་བྱེད་རྒྱུ་མེད་པ་ངས་ཀྱང་ཤེས། དེ་བས་ཤེས་དགོས་པ་ཞིག་ལ་བོད་དོན་འདི་སྲིད་དོན་ནག་པོ་ཞིག་མིན་པ་ཚང་མས་ཧ་གོ་བར་བྱེད་དགོས། དེ་ནི་ང་ཚོ་བོད་རིགས་སྤྱི་བོ་གནམ་བསྟེན་ཡོངས་ཀྱི་ཕྲག་ཏུ་བབས་པ་ལྡོག་ཏུ་མེད་པའི་ལས་འགན་ཞིག་རེད། དེང་སང་ནུབ་ཕྱོགས་པའི་མི་རིགས་མང་པོ་ཞིག་ནས་བོད་དོན་ཐོག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་སྐབས་འགར་ཆོས་ཚོགས་ནང་དུ་བོད་དོན་སྐོར་ལ་དྲི་བ་དང་དྲིས་ལན་། གསར་འགོད། གློག་བརྙན་སོགས་གོ་སྐབས་ཐོབ་པའི་སྐབས་སུ་ངེས་པར་ཆོས་ཚོགས་ཀྱི་བླ་མ་རྣམས་ཀྱིས་ཐུགས་བསམ་གཞེས་དགོས་པར་གདའོ། 
ངས་ནི་ནམ་རྒྱུན་ཆོས་ཚོགས་ཀྱི་ནང་དུ་ཆོས་ཕྱོགས་ཀྱི་ལས་ཀ་མང་པོ་བྱེད་ཀྱི་ཡོད། དཔེར་ན། བདུན་ཕྲག་གཅིག་ནང་འཆར་ཅན་ལྟར་དུ་རེས་གཟའ་ཉི་མར་ཆོས་ཁྲིད་དང་། གཟའ་ཟླ་བར་བདེ་ཆེན་ཞིང་སྒྲུབ། གཟའ་སྤེན་པར་ཞི་གནས་སྒོམ། གཟའ་ལྷག་པར་ནང་ཆོས་བགྲོ་གླེང་སོགས་ཆོས་ཚོགས་འཆར་ཅན་གྱི་མཛད་རིམ་ཁག་ཡིན། རང་ཉིད་སྒེར་ལ་མཚོན་ན་ཞོགས་པ་ཆུ་ཚོད་ལྔ་པ་ནས་ལངས་ཞིང་རང་གི་ཁ་འདོན་དང་དཔེ་ལྟས། སྒོམ་སོགས་བྱེད་ནས་དུས་ཚོད་དམ་འཛིན་བྱེད་ཀྱི་ཡོད།  
ཆོས་ཕྱོགས་ཀྱི་ཡན་ལག་དཔེར་ན། རྒྱ་མཚོ་བྱིན་རླབས་དང་ཀླུ་གཏོར་འདོན་པ་དང་། བོད་ཀྱི་སུམ་བཅུ་དུས་དྲན། ཤིང་སྡོང་བྱིན་རླབས། རི་ཁྲུས་དང་ཁང་ཁྲུས། ཤི་བོའི་རོ་མགོར་སྨོན་ལམ་འདོན་པ། ནད་པར་སྨན་ཁང་ནང་དུ་ཐུག་འཕྲད་ལ་འགྲོ་བ་སོགས་བོད་དོན་གཅིག་པུར་མ་ཡིན་པར་ལུང་པ་འདིའི་མི་རིགས་རྣམས་ལ་རོགས་རམ་ཚང་མ་གང་ཐུབ་བྱེད་ཀྱི་ཡོད། 
གང་ལྟར་ཀུན་སློང་གཞན་ཕན་བསམ་པ་བཟང་པོའི་ཆོས་དང་འཇིག་རྟེན་གང་བྱས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་གཉིས་གང་རུང་ལ་འགྱུར་ངེས་གཏན་རེད་གདའ་བས་ཕྱི་བཞུགས་བོད་བླ་རྣམ་པས་ཀྱང་ད་ནས་བཟུང་སྟེ་བོད་དོན་འདི་སྲིད་དོན་ནག་པོ་ཞིག་ལ་ཁག་དཀྲི་ནས་གད་སྙིགས་ནང་དུ་མ་གཡུགས་པར་སྙིང་ཁོང་དུ་གཅེས་ཉར་གནང་ནས་མ་མཐའ་ནའང་སུམ་བཅུའི་དུས་དྲན་ཉིན་མོར་སློབ་མ་རྣམས་ཁྲིད་ནས་ཐེངས་གཅིག་སྒོ་ལ་འབུད་རོགས་ཞེས་ཞུ་འདོད་བྱུང་། 
བཀའ་དྲིན་ཆེ། 



No comments:

Post a Comment