Sunday, August 30, 2020

ཕ་རྒན་དྲན་རྟེན་ཟངས་ཀྱི་ལྡི་ཁོག་ཞིག་ཉོས་པའི་ཉིན་མོ།

ད་ནང་ཞོགས་པ་ཁ་འདོན་གྲུབ་མ་ཐག་ཉེ་འཁྲིས་སུ་ཡོད་པའི་ཅ་དངོས་རྙིང་པ་གཙོང་སའི་ཚོང་ཁང་ཞིག་ནང་དུ་སོང་། 
ཚོང་ཁང་དེར་སྐབས་རེ་བོད་པའི་ཅ་དངོས་རྙིང་པ་མཆོད་ཆས་དང་ཐང་སྐུ་སོགས་གོང་ཁེ་བོའི་ངང་ནས་རྙེད་ཀྱི་ཡོད། ལོ་གཅིག་གོང་ཚེ་ལྷ་རྣམ་གསུམ་ཀྱི་གོས་ཆེན་ཚེམ་དྲུབ་ཐང་ཀ་རྙིང་པ་ཞིག་ལ་ཨ་བཅུ་གཉིས་ཀྱིས་ཉོས། དུས་དེ་ནས་བཟུང་སྟེ་གཏམ་དཔེར། གླེན་པས་གཡུ་རྙེད་ཐེངས་གཅིག་ལ་རེ་བ་ཐེངས་མ་བརྒྱ་བྱས་པའི་དཔེ་ལྟར་ག་དུས་ཡིན་ནའང་དུས་ཚོད་ཁོམས་སྐབས་ཚོང་ཁང་འདིའི་ནང་དུ་སོང་གྲངས་ནི་ཉུང་ཉུང་གཏན་ནས་མིན།  
དེ་རིང་ཡོད་པའི་ཅ་དངོས་ཕལ་མོ་ཆེ་ནི་སྡེར་མ་དང་། ཟ་ཁྲི། ཉལ་ཆས། སྣོད་ཆས། རྣ་རྒྱན། མཛུབ་དཀྲིས། སྐེ་རྒྱན་སོགས་རེད་འདུག ཟུར་ཞིག་ལ་མདོག་ཡིད་དུ་འོང་ཞིང་དམར་ལ་སྨུག་མདངས་ཅན་ཟངས་ཀྱི་ལྡི་ཁོག་ཞབས་འོག་ཏུ་མེ་གཏང་ནས་ཟས་རིགས་གཡོས་སྦྱོར་བྱེད་ས་སྤུས་གཙང་ཞིག་མཐོང་། ལག་ཏུ་བླངས་ནས་མིག་གྱེར་གྱེར་སྐེ་འཁྱོག་འཁྱོག་ངང་ཡུན་རིང་པོར་གཡས་བལྟ་གཡོན་བལྟ་ཞིབ་ཏུ་བྱས། ད་རེས་ཀྱི་ཟངས་ཀྱི་ལྡི་ཁོག་འདིའི་བཟོ་ལྟ་དང་། དབྱིབས། ཆེ་ཆུང་སོགས་གང་ལ་བསམ་ཡང་ཉོ་འདོད་བྱུང་། སྣོད་ཞབས་སུ་ཤོག་ཛར་ཞིག་གི་ངོས་སུ་རིན་གོང་ལ་only 12$ ཞེས་གསལ་ན་མི་གསལ་བའི་ཨང་གྲངས་དེ་ཉིད་མཐོང་བ་དང་ལྷན་རང་དབང་མེད་པར་ཉོ་འདོད་ལྷག་པར་སྐྱེས། ངོས་ཀྱི་ཕ་འདས་པོ་དེ་ཉིད་ཅ་དངོས་རྙིང་པའི་རིགས་ལ་དགའ་ཞེན་ཆེ་བ་མ་ཟད། ཤིང་ཕོར་དངུལ་ཤན་ཅན་དང་། ཟངས་དང་རག་གི་སྣོད་སྤྱད་ཉར་རྒྱུ་ལ་ཧ་ཅང་དགའ། ཕ་འདས་པོའི་དྲན་རྟེན་དུ་ཆོས་ཚོགས་སུ་ཤིང་ཕོར་ཆེ་ཆུང་འདྲ་མིན་མང་པོ་ཞིག་ཉར་ཡོད་ཀྱང་། ཟངས་ཀྱི་སྣོད་སྤྱད་ད་ལྟ་ལས་མ་རྙེད་པས་ལྡི་ཁོག་དེ་ཁུར་ནས་ཚོང་དཔོན་མི་རྒན་མིག་ཤེལ་ཅན་དེར་ཨ་སྒོར་བཅུ་གཉིས་སྤྲད་ནས་ཉོས། མི་རྒན་ནས་ཀྱང་you found a good one ཞེས་ཟེར་བཞིན་མཐེ་བོང་སྒྲེང་ཙམ་བྱེད་བཞིན་གདའ། ངས་ཀྱང་ཟངས་ཀྱི་ལྡི་ཁོག་དེ་ཉིད་མཆན་དུ་བཅུག་ནས་ནང་དུ་འབྱོར། ཕ་རྒན་འདས་གྲོངས་སུ་ཕྱིན་ནས་མི་ལོ་ཉེར་བཞི་ཙམ་སོང་ཡང་ད་དུང་ལོ་དང་ཟླ་བ་སོང་བཞིན་ཇེ་དྲན་རེད་འདུག། ཕ་རྒན་ཡོད་པའི་སྐབས་སུ་ད་ལྟ་ནང་བཞིན་ལག་འཛིན་ཁ་པར་དང་ཕར་ཞོག། སྐབས་དེ་དུས་པར་ཆས་དཀྱུས་མ་ཞིག་ཀྱང་སྡེ་དགོན་གཉིས་ཆར་མཐོང་རྒྱུ་ཧ་ཅང་དཀོན། རྒྱུ་མཚན་དེ་བས་ན་ངོས་ཀྱི་ཕ་འདས་པོའི་དྲན་རྟེན་ལ་རང་ཉིད་དགའ་མིན་ལ་མ་ལྟོས་པར་ཁོང་གང་ལ་དགའ་བའི་ཅ་དངོས་རིགས་ཉོ་ནས་ཉར་གྱི་ཡོད། 


།དྲིན་ཅན་ཕ་ལོ་དམ་པ། །མི་བརྗེད་དྲན་རྟེན་ཆེད་དུ། །དེ་རིང་ཚོང་ཁང་ནང་ནས། །ཟངས་ཀྱི་ལྡི་ཁོག་ཉོས་ཡོད། 
།གདོང་ལ་བགྲེས་ཉམས་དོད་ཅིང་། །ལག་ཏུ་ཕྲེང་བ་ཐོགས་པའི། །བོད་ཀྱི་མི་རྒན་མཐོང་དུས། །དྲིན་ཅན་ཕ་ལོ་དྲན་བྱུང་། 
།ཞིམ་པོའི་ཟས་ཞིག་བཟའ་དུས། །ཁྱེད་ཉིད་ཡོད་ན་བསམ་བྱུང་། །དྲོན་པོའི་གོས་ཤིག་མཐོང་དུས། །ཁྱེད་ལ་བཀོན་ན་བསམ་བྱུང་། 
།ཕྱི་རྒྱལ་ལུགས་སྲོལ་མེད་པ། །རང་མགོ་རང་གིས་མི་ཐོན། བོད་པའི་ལུས་སྲོལ་མེད་ཅིང་། །ཕ་མར་གུས་བཀུར་མེད་པ། །
།དེང་དུས་གཞོན་སྐྱེས་འགའ་ཡིས། །ཕ་མར་དྲིན་ལན་མེད་པར། །ཁ་ལན་ཚིག་ལན་སློག་དུས། །སེམས་པ་གཏིང་ནས་སྐྱོ་བྱུང་། 

དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན་ཁ་དྲོ། ཚེ་རིང་།

No comments:

Post a Comment