Sunday, February 14, 2021

བོད་ཀྱི་ལོ་གསར་སྐབས་སུ་ཚོར་སྣང་།

བོད་མི་ཆ་ཚང་ཅན་དངོས་གྲུབ་རྡོ་རྗེ་ལགས་དང་བཀྲ་ཤིས་བཅས་ལ་ང་ཚོ་ཕན་ཚུན་འབྲེལ་འདྲིས་བྱུང་ནས་ཕལ་ཆེར་ལོ་བདུན་བརྒྱད་ཙམ་ཡིན། ཁོང་ཚོའི་ནང་མི་རྣམས་ནི་ཡ་རབས་བཟང་སྤྱོད་དང་ལྡན་ཅིང་། དུས་རྒྱུན་བོད་ཀྱི་སྲོལ་རྒྱུན་དུས་ཆེན་སུམ་བཅུའི་དུས་དྲན་དང་། ལོ་གསར། རྒྱལ་བའི་འཁྲུངས་སྐར་སོགས་ལ་ག་དུས་ཡིན་ཀྱང་མཉམ་འཛོམས་བྱེད་ཀྱི་ཡོད་པ་མ་ཟད་སྐབས་རེ་ཁོང་ཚོའི་ནང་དུ་མགྲོན་དུ་འགྲོ་ནས་མོག་མོག་བརྒྱ་ཕྲག་མང་པོ་བྲོད་ཁོག་འདིའི་ནང་དུ་བླུགས་པ་ཚར་གཅིག་ག་ལ་ཡིན། གང་ལྟར་ང་ཚོ་ཕན་ཚུན་ནང་མི་གཅིག་ལྟར་ཧ་ཅང་འཆམ་མཐུན་ཡོད།
ཁ་སང་གི་ལོ་གསར་སྐབས་སུ་ཁོང་ཚོ་ནང་མི་རྣམས་ཀྱིས་བོད་ཀྱི་ཆས་གོས་སོགས་གཟབ་འཆོར་གྱིས་སྤྲད་ནས་བོད་ཇ་དང་ཁམ་ཟས་སོགས་ཁུར་ནས་ཆོས་ཚོགས་སུ་ཕེབས་བྱུང་། ངས་ཀྱང་ཕྱེ་མར་དང་བོད་ཇ་ཁམ་ཟས་སོགས་སྔ་ནས་གྲ་སྒྲིག་བྱས་ཡོད་སྟབས་ཆོས་ཚོགས་ཀྱི་རྒྱབ་ལོགས་བར་འཁྱམས་ར་སྐོར་ནང་དུ་བོད་ཟས་ལ་རོལ་བཞིན་བན་རྒན་ངས་ཀྱང་སྤྲེའུས་མི་ཡི་ལད་བཟློས་ཀྱི་དཔེ་ལྟར་བོད་གཞས་དང་རྐང་བྲོ་སོགས་མཉམ་དུ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་།
དེ་ནི་ལུས་ཡིན་ཏེ། སྤྱོད་འཇུག་ལས། འཇིགས་དང་དགའ་སྟོན་སོགས་འབྲེལ་ལས། །གལ་ཏེ་མི་ནུས་ཅི་བདེར་བཞག། ཞེས་དང་། ཡང་དེ་ཉིད་ལས། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོས་ནའང་དཀོན། །ཅེས་གསུངས་པ་ལྟར་རོ། དགའ་སྐྱིད་ནི་མི་ཡི་རིན་ཐང་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པས་ཡུན་ཐུང་མི་ཚེ་འདི་ལ་དགའ་སྐྱིད་དང་ལྡན་པའི་མི་ཚེ་བསྐྱལ་རྒྱུ་ནི་གནད་དམ་པ་ཡིན་ནོ།
དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་དུས་ནས་ཆོས་ཚོགས་ཀྱི་སློབ་མ་རྣམས་དང་ལྷན་འཛུམ་zoom གྱི་ནང་དུ་ཚང་མ་ལ་ལོ་གསར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞབས་བརྟན་གསོལ་འདེབས་དང་། པོར་ལེན་ཆོས་གྲོགས་པདྨ་མཚོ་མོ་ལགས་ནས་བདེན་ཚིག་སྨོན་ལམ་གདངས་དབྱངས་སུ་གྱེར་འདོན་གནང་སོང་བས་ཕྱི་རྒྱལ་བའི་ཆོས་གྲོགས་རྣམས་ཧ་ཅང་དགའ་བོ་བྱུང་སོང་།
མཐར་གུས་པས་ཚང་མར་གྱེས་བྲལ་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་ལམ་སོགས་ཀྱིས་ཁ་སང་གི་ལོ་གསར་སྟབས་བདེའི་མཛད་སྒོ་དེ་རེ་ཞིག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བའོ།
བཀྲ་ཤིས་བདེ་ལེགས།
གུས་པས་སྔ་ལོར་བྲིས་པའི་རྩོམ་ཐུང་ཞིག་གཤམ་དུ་ཕུལ་ཡོད་པས་ཐུགས་དགྱེས་པོ་གནང་བའི་རེ་བ་ཡོད།

དོན་དང་ལྡན་པའི་ལོ་གསར་ཇི་ལྟར་བྱེད་དགོས་མིན།
What Makes a Meaningful New Year

༅༅།། ཕན་བདེའི་དགེ་ལེགས་འོད་སྟོང་རབ་འབར་བའི།། 

འགྲོ་བའི་མི་ཤེས་རབ་རིབ་འཇོམས་མཛད་པ།།
སྨྲ་བའི་སེངྒེ་རྗེ་བཙུན་འཇམ་དཔལ་དབྱངས།། 

 འགྲོ་རྣམས་ལོ་ཟླ་སྐྱིད་ཀྱིས་འཚོ་བར་ཤོག།
You who blaze with light of well-being and goodness,
Clearing cataracts of confusion from the eyes of beings,
O Lion of Teachers, Venerable Manjushri,
May living beings live happily in the New Year!

རིན་ཆེན་ནོར་གྱིས་དོ་ཟླ་མ་ཡིན་ཅིང་།། 

དུས་ཞེས་བྱ་བ་རིན་ཐང་ཅན་གྱི་ལོ།།

ཞག་དང་ཟླ་བས་རིམ་གྱིས་རྫོགས་པ་འདིར།། 

མི་ཡིས་དགའ་སྟོན་བྱས་པ་ལེགས་སམ་ཅི།།

Unrivaled by precious jewels, this thing we call ‘time’ is so valuable!
As this year, by days and months, comes to an end,
People make a celebration of it:
I wonder if that is good or not?

འོན་ཀྱང་སྐྱིད་པའི་ལོ་གསར་བསུ་འདོད་ཅིང་།། 

དོན་དང་ལྡན་པའི་མི་ཚེ་སྐྱེལ་འདོད་རྣམས།།
རང་སེམས་གཙང་མས་ཕ་མ་ནང་མི་ལ།།

བྱམས་པའི་ལོ་གསར་བཀྲ་ཤིས་བདེ་ལེགས་ཡིན།།

Still, you who wish to welcome a new year of happiness,
Who wish to bring great meaning to human life,
With pure intentions, bid your parents and family,
Tashi Delek and a Happy New Year of Love!

ཁྱད་པར་ས་ཕག་གསར་ལོ་ཚུར་འཆར་འདིར།། 

འགྲོ་རྣམས་བདེ་དང་སྡུག་བསྔལ་བྲལ་འདོད་ཅིང་།།
ནང་མི་ཁྱིམ་མཚེས་ཡུལ་མི་རྒྱལ་ཁབ་ལ།། 

སྙིང་རྗེའི་ལོ་གསར་བཀྲ་ཤིས་བདེ་ལེགས་ཡིན།།

Especially wishing happiness and freedom from suffering
For beings in this coming year of the earth boar,
For family, neighbors, people and nations
Wish them Tashi Delek and a Happy New Year of Compassion!

ལོ་འདིར་མི་མཐུན་འབྱུང་བཞིས་འཇིགས་པ་མེད།། 

དམག་འཁྲུག་མུ་གེའི་ནད་ཡམས་རྒྱུན་ཆད་ཅིང་།།
འཇིག་རྟེན་བདེ་དགའ་རྒྱ་མཚོས་འཚོ་བ་ལ།། 

དགའ་བའི་ལོ་གསར་བཀྲ་ཤིས་བདེ་ལེགས་ཡིན།།
May imbalances of the four elements cause no destruction this year!
May war, conflict, and epidemics cease to exist!
For the whole world living in oceanic bliss,
Tashi Delek and a Happy New Year of Joy!

དགྲ་གཉེན་ངེས་མེད་མདངས་སུམ་རྨི་ལམ་བཞིན།། 

མཐོ་དམན་མི་རྟག་དཔྱིད་ཀའི་འཇའ་ཚོན་འདྲ།།
དེ་ཕྱིར་དགྲ་གཉེན་ཆགས་སྡང་མེད་པ་ཡི།། 

གཏང་སྙོམས་ལོ་གསར་བཀྲ་ཤིས་བདེ་ལེགས་ཡིན།།
Friends and enemies are changeable, like last night’s dream,
And status is impermanent, like a summer rainbow.
So, Tashi Delek and Happy New Year of Equanimity,
Free from attachment and aversion towards friends and enemies.

དེ་ལྟར་ཚད་མེད་རྣམ་བཞིའི་ལོ་གསར་ལ།། 

ནང་མི་ཉེ་འབྲེལ་སྤུན་མཆེད་སེམས་ཅན་རྣམས།།
འགྲོ་རྣམས་ལུས་སེམས་བདེ་དགའ་རྒྱ་མཚོ་ཡིས།། 

འབྲལ་མེད་ལོ་གསར་བཀྲ་ཤིས་བདེ་ལེགས་ཡིན།།
Thus, in a New Year of the Four Immeasurables,
With infinite bliss and joy of body and mind,
May all family, friends and relatives, and sentient beings,
Have a Happy New Year, inseparable from one another.

ཁར་ནུབ་བོད་ལ་བཞུགས་པའི་ཆོས་གྲོགས་རྙིང་པ་ཞིག་ནས་ཁ་པར་རྒྱུད་ནས་དངོས་གནས་ཀྱི་ལོ་གསར་བཀྲ་ཤིས་བདེ་ལེགས་བསུ་དགོས་ན་གང་འདྲ་བྱེད་དགོས་རེད་ཅེས་ཟེར་བའི་ལན་དུ་མཁན་པོ་ཀར་བསྟན་ནས་ཕལ་སྐད་གྱི་ཚུལ་དུ་༢༠༢༠་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ནུབ་མོ་སྤྱི་ཟླ་གཉིས་པའི་ཚེས་བཞིའི་ཞོགས་པ་ཕུལ་བ་དགེའོ།
An old Dharma friend who lives in Tibet called me on the evening of the twenty-ninth of the twelfth Tibetan month to ask, What should someone do to have a really auspicious and happy New Year? In response, I, Khenpo Karten, writing in colloquial language, offered this which came to mind on the morning of February fourth, 2019, Tibetan New Year’s Eve.

ཁ་སང་ནི་བོད་རྒྱལ་ལོ་༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་ཚེས་དང་། ཕྱི་ལོ་2021 སྤྱི་ཟླ་1 ཚེས་པ་12 ཉིན་ལོ་གསར་བྱས། ནམ་རྒྱུན་ངོས་ཀྱི་ཆོས་ཚོགས་ཀྱི་ཕྱི་རྒྱལ་བའི་སློབ་མ་རྣམས་ནས་བོད་ལུགས་ཀྱི་ལོ་གསར་དང་། རྒྱལ་བའི་འཁྲུངས་སྐར། སུམ་བཅུ་དུས་དྲན་སོགས་བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཁག་སྲུང་གཙི་བྱེད་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ས་གནས་འདིར་ད་ལྟ་བོད་རིགས་མི་ཚང་གཅིག་དང་ཕྱེད་ཀ་ཡོད། མི་ཚང་གཅིག་དེ་ནི་ཆོས་གྲོགས་དངོས་གྲུབ་རྡོ་རྗེ་དང་། བུ་མོ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་ནང་མི་རེད། ཕྱེད་ཀ་དེ་ནི་ཨ་ཅ་རྡོ་རྗེ་སྒྲོལ་མ་རེད། རྡོ་རྗེ་སྒྲོལ་མ་ནི་གཟའ་ཟླ་ཨ་རི་བ་ཡིན་སྟབས་ནམ་རྒྱུན་ངས་མཚར་རྩེད་དང་སྦྲག་ཁྱོད་རང་བོད་མི་ཕྱེད་ཀ་རེད་ཅེས་བཤད་ཀྱི་ཡོད། ཁྱེད་རྣམས་ཀྱིས་དགོངས་ཚུལ་མཚར་རྩེད་དེ་མོ་རང་ལ་སྨད་རའི་ཚིག་འདྲ་དགོངས་སྲིད་ཀྱང་། མོ་རང་གི་གཤིས་ཀ་ལ་མཚར་རྩེད་དེ་འདྲའི་རིགས་ལ་ཧ་ཅང་དགའ་བོ་ཡོད།

No comments:

Post a Comment