Saturday, March 13, 2021

སུམ་བཅུའི་དུས་དྲན་ཐེངས་མ་དྲུག་བཅུ་རེ་གཉིས་པ་སྲུང་གཙི་བྱས་པའི་སྐོར།

རྒྱ་ནག་དམར་གཞུང་ནས་བོད་ལ་སྲིད་ཇུས་རིམ་བྱུང་གི་དཔྱད་ཐོ།

༡༩༥༩་ལོ་སྤྱི་ཟླ་གསུམ་པའི་ཚེས་སུམ་བཅུའི་ཉིན་མོ་ནི་བོད་ཀྱི་ཕ་ས་ཕ་ནོར་རྒྱ་འོག་ཏུ་ཤོར་ནས་བཀྲ་མ་ཤིས་པའི་ཉིན་མོ་དེ་ཡིན།

བོད་པ་རྣམས་ཀྱིས་སུམ་བཅུ་དུས་དྲན་ཞེས་འབོད་ཀྱང་དོན་ངོ་མར་དེ་ནི་མི་ཐོག་འདིའི་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་ཆེས་མུན་ནག་གི་ཉིན་མོ་ཞིག་ཡིན།

གང་ལྟར་བོད་སྲིད་པ་ཆགས་ནས་ད་བར་བྱུང་མྱོང་མེད་པའི་ཧ་ཅང་ལོ་རྒྱུས་ཀྱི་གོད་ཆགས་ཀྱི་ཉིན་མོ་དེ་ནི་དེ་རིང་ནས་བརྩིས་པའི་ཉིན་དྲུག་ལས་མ་གཏོགས་མེད། དེ་ནི་སྤྱི་ཟླ་གསུམ་པའི་ཚེས་བཅུ་དེ་ཡིན།

ལྔ་བཅུ་ང་དགུ་ལོ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཧམ་ཟོས་བྱས་ཤིང་སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་ལྷན་བོད་རིགས་ཁྲི་ཕྲག་མང་པོ་ཡུལ་གྱར་ལ་འགྲོ་དགོས་པ་བྱུང་ཡོད། དེ་ནས་བཟུང་ད་བར་འདས་པའི་མི་ལོ་དྲུག་བཅུ་ཁ་ལྷག་རིང་སྐྱབས་བཅོལ་བའི་བོད་གཞུང་གིས་སྣེ་ཁྲིད་ནས་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་རེ་བ་ཉག་གཅིག་གིས་རྒྱ་ནག་དམར་པོའི་གཞུང་ལ་བསྟུན་མཁས་གྱིས་ཆབ་སྲིད་དང་ལང་ཕྱོགས་རྣམ་པ་མ་འདྲ་བའི་སྒོ་ནས་ཤི་འཇུ་རོ་འཐམ་གྱི་དཔེ་ལྟར་འགྱེལ་ས་ནས་ལང་བའི་ཐབས་ཤེས་མང་པོ་བྱས་ཀྱང་རྒྱ་ནག་དམར་གཞུང་ནས་དེ་ལས་ལྡོག་ཏེ་རྫུན་དང་གཡོ་སྒྱུའི་འཁོར་ལོ་བསྐོར་ནས་བོད་རྒྱ་གཉིས་བར་བཟང་ཕྱོགས་ཀྱི་གོམས་པ་འདེགས་འཇོག་གི་འབྲས་བུ་སྣ་གཅིག་མ་སོན།

གཞིས་ལུས་བོད་བཞུགས་རྒྱལ་གཅེས་མི་མང་ནས་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་གི་ཁྲོད་འདིར་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་མཇལ་ནས་མཐར་ཐུག་བོད་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དེ་བྱ་ཁུ་བྱུག་གི་གནམ་ཆུ་སྒུག་པ་ལྟར་བྱས་ནས་ད་དུང་ཡང་བསྡད་ཡོད།

ལོ་དྲུག་བཅུ་ཐམས་པའི་སྡོམ་ཚིག་དེ་མི་ཚེ་གཅིག་ལ་ལྟོས་ན་རིང་པོ་ཡིན་ཀྱང་མི་རབས་གཅིག་ལ་ལྟོས་ན་དེ་ཙམ་རིང་རྒྱུ་མེད། ལྷག་པར་དུ་རི་བོང་ལྟ་བུའི་ང་ཚོ་ཉམ་ཆུང་བོད་རིགས་རྣམས་ཚན་རྩལ་དང་དཔལ་འབྱོར། དམག་དོན་སོགས་འཛམ་གླིང་རྒྱལ་ཁབ་ཀྱི་ཡང་རྩེར་དོན་བཞིན་པའི་སྟག་མོ་ལྟ་བུ་རྒྱ་ནག་དམར་གཞུང་གིམཆེ་སྡེར་གྱིས་མནན་བཞིན་པའི་སྐབས་སུ་དེ་ཉིད་ཀྱི་ཁ་དང་ལག་པའི་བར་ནས་ཕྱི་རུ་ཐོན་དཀའ་ཡང་དུས་ནམ་ཡང་སེམས་ཤུགས་མ་ཆགས་པའི་ངང་ནས་ང་ཚོའི་རིག་པ་བསྒྲིམ་ནས་གཡོ་འགུལ་དང་འཕགས་ཚག་རྒྱག་དགོས། དེ་ནི་ང་ཚོ་ཕྱོ་ལོགས་སུ་ཡོད་པའི་བོད་རིགས་རྣམས་ཀྱི་ངོས་ནས་བྱེད་དགོས་པ་ཞིག་དང་། བྱེད་འོས་པ། བྱེད་ཐུབ་པ་ཞིག་བཅས་ཡིན་ནོ།

ང་ཚོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར་རྒྱ་དམར་གཞུང་ནས་ཆོལ་ཁ་དང་ཆོས་ལུགས་འབྱེ་བ་མེད་པའི་ཐོག་ནས་རྩི་སྐུད་མགོ་བྲེག་པའམ་སྲན་ཕུང་དབྱུག་པས་སྟོར་བ་བཞིན་འདྲ་མཉམ་གྱིས་སྡུག་པོ་གཏང་ནས་ས་མཐར་གྱར་དགོས་བྱུང་ཡོད། རྒྱུ་མཚན་དེ་ལ་བསམ་ནས་ང་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་པར་འཐབ་རྩོད་ལ་མཉམ་ཞུགས་བྱེད་དགོས། ང་ཚོའི་མཐུན་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ཡིན། ང་ཚོའི་དུས་ནམ་ཡང་ནང་ཁུལ་དུ་འཐབ་རྩོད་སྤང་ནས་ཕྱི་རོལ་དུ་འཐབ་རྩོད་བྱེད་དགོས།

དྲ་འབུ་དང་རྒྱལ་འཚོང་བ་རྣམས་ཀྱི་འུར་སྒྲོག་གི་རྗེས་སུ་མ་འབྲངས་བར་༧གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་གསུང་ལ་དང་ལེན་དང་དེ་ཡི་རྗེས་སུ་ཤར་བསྐྱོད་བྱེད་དགོས།

གུས་པ་རང་ཉིད་ལ་མཚོན་ན་ཉིས་སྟོང་ཐམས་པའི་ལོར་བཞུགས་སྒར་རྡ་རམ་ཤཱ་ནས་ངས་དུས་ནམ་ཡང་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པའི་ཕྱོགས་ཞེན་དེ་མི་བྱེད་བསམ་པའི་དམ་བཅའ་བཞག་པ་ཡིན། ཇི་ཙམ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་བྱས་པ་དེ་ཙམ་གྱིས་བོད་ཀྱི་རྩ་དོན་ངོ་མ་ལ་གནོད་ཀྱི་ཡོད་པ་ངས་གསལ་པོ་ཤེས་སོང་། དེ་ནི་རྩ་བ་བོར་ནས་གལ་ག་འཚོལ་ཞེས་པའི་དཔེ་ལྟར་རེད། རྩ་བ་དེ་བརྟན་པོ་ཡག་པོ་ཞིག་བྱུང་ན་ཡལ་ག་དང་ལོ་མ་རང་བཞིན་གྱིས་རྒྱས་ཡོང་གི་ཡོད་པ་རེད། སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་དང་མི་ཐོག་གོང་མ་རྣམས་དཀའ་སྡུག་མང་པོའི་ཁྲོད་ནས་བཙུགས་གནང་བའི་བོད་གཞུང་འདི་ལ་ཉམས་དམས་དང་། གཏོར་གཤིགས་གཏང་བ་ཡིན་ན་ཧ་ཅང་ཐབས་སྡུག་རེད། དེའི་ཐོག་ལ་མི་ཐོག་གཞོན་སྐྱེས་རྣམས་ཀྱིས་ངེས་པར་བསམ་བློ་གཏང་ནས་གཞན་གྱི་གཡོ་སྒྱུ་དང་། བསླུ་བྲིད། མགོ་སྐོར་སོགས་གཡོ་འོག་ཏུ་མ་ཚུད་པར་གནང་དགོས་འདུག།

ལྷག་པར་དུ་སུམ་བཅུ་དུས་ཆེན་འདི་བོད་རིགས་སྐྱ་སེར་རིས་སུ་མེད་པ་ཚང་མ་ལ་ཧ་ཅང་གལ་ཆེན་གྱི་ཉིན་མོ་ཞིག་རེད། འདི་ཉིན་མོ་སྐྱ་སེར་མཐོ་དམན་དབྱེ་བ་མེད་པས་སྲུང་བརྩི་གནང་དགོས་པ་མ་ཟད་ཕྱི་རྒྱལ་དུ་བཞུགས་པའི་ཆོས་ཚོགས་ཀྱི་བླ་དགེ་མཁན་སྤྲུལ་རྣམས་ཀྱིས་རང་གི་སློབ་མ་རྣམས་ལ་ངེས་པར་ངོ་སྤྲོད་བྱེད་དགོས་པ་རེད། བོད་པ་ཞིག་ཡིན་ནས་བཟུང་བོད་དོན་སྐོར་སྐད་ཆ་བྱེད་རྒྱུ་ང་ཚོའི་ལས་འགན་ཞིག་ཡིན་པ་མ་ཟད། བདེན་པའི་ངོ་སྤྲོད་ཞིག་ཀྱང་རེད། ཕྱི་ལོགས་རང་དབང་ལུང་པར་འཚོ་གོས་དང་དཔལ་འབྱོར་གང་ཐད་ནས་འགྲིག་ཙམ་བྱུང་དུས་ང་ཚོའི་བོད་དོན་འདི་སྣང་མེད་དུ་གཡུགས་ན་ལས་རྒྱུ་འབྲས་ལ་གཏན་ནས་མ་གཙིས་པ་རེད།

གུས་པར་མཚོན་ན་ས་གནས་འདིར་འབྱོར་ནས་ལོ་གྲངས་བཅུ་གསུམ་ཙམ་ཞིག་འགྲོ་འདུག། སུམ་བཅུའི་དུས་དྲན་ནམ་ཡང་ཆད་མ་མྱོང་། ས་གནས་འདིར་ང་རང་རྩིས་པའི་བོད་པ་མི་ཚང་གསུམ་ལས་མེད་ཀྱང་རང་གིས་འགན་ཁུར་བའི་ཐོག་ནས་མཉམ་རུབ་ཀྱིས་སུམ་བཅུ་དུས་དྲན་སོགས་གོ་སྐབས་ནམ་ཡོད་ལ་བོད་དོན་ཐོག་བོད་ཀྱི་འཐུས་མི་ངོ་མ་ཞིག་བྱེད་བཞིན་ཡོད།

ས་གནས་འདིའི་མི་རིགས་རྣམས་ཀྱིས་ཀྱང་ངས་གང་བྱས་པ་རྣམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་བོད་དོན་དཀའ་སྙོག་འདི་རྒྱ་ནག་དམར་པོའི་གཞུང་ནས་མགོ་སྐོར་དང་བསླུ་བྲེད། རྫུན། གཡོ་སྒྱུ་སོགས་ཡིན་པ་ཚང་མས་ཤེས་གསལ་ལྟར་རེད།

ཁ་སང་གི་ཉིན་མོ་དེ་ནི་ཉིས་སྟོང་ཉེར་གཅིག་ལོའི་སུམ་བཅུ་དུས་དྲན་ཐེངས་མ་དྲུག་བཅུ་རེ་གཉིས་པ་དེ་རེད། སྔ་ལོའི་ནད་ཡམས་དེས་རྐྱེན་བྱས་ནས་མི་མང་མཉམ་འཛོམས་བྱེད་རྒྱུར་གཞུང་ནས་ཚད་བཀག་ཡོད་པ་མ་ཟད་དེའི་ཉིན་མོར་གནམ་གཤིས་སོགས་ཡག་རྒྱུ་དེ་ཙམ་མེད་ཀྱང་། ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་མང་པོ་ཞིག་སླེབས་འདུག། ཁོང་ཚོ་བོད་དོན་ལ་ཧ་ཅང་སེམས་ཤུགས་ཆེན་པོ་ཅན་ཤ་སྟགས་ཡིན་སྟབས་ང་ཚོ་གཞུང་ལམ་དུ་སོང་ནས་སྐད་འབོད་དང་། ཁྲོམ་སྐོར་ཆུ་ཚོད་གཉིས་ཙམ་རིང་བྱས་པ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་སྤྱི་ཚོགས་དྲྭ་རྒྱ་འཛུམ་གྱི་ནང་དུ་པོར་ལེན་ས་གནས་སུ་བཞུགས་པའི་ངོས་ཀྱི་ཡུན་འདྲིས་དམ་ལྡན་གྱི་ཆོས་གྲོགས་རྣམས་དང་ལྷན་སླར་ཡང་ཆོས་ཚོགས་ཀྱི་དགེ་ཕྲུག་འགའ་ཤས་དང་ལྷན་སུམ་བཅུའི་དུས་དྲན་མི་མང་ལང་གླུ་བདེན་ཚིག་སྨོན་ལམ་སོགས་མཉམ་གཞས་སུ་གཏང་། བདེན་ཚིག་སྨོན་ལམ་གྱི་ནང་དོན་ཆོས་ཚོགས་ཀྱི་དྲུང་ཡིད་ཟུར་པ་སློབ་མ་རེའི་ཆོ་Rachel  ནས་དབྱིན་ཇི་ཐོག་ཀློག་འདོན་བྱས།

།ངན་དགུ་འཇོམས་པའི་ཁྲག་དང་མཆིལ་མའི་རྒྱུན། །མྱུར་དུ་ཆད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད། ཅེས་པའི་ཚིག་མཚམས་སུ་སླེབས་སྐབས་སྐད་འཕངས་ཇེ་དམའ་རུ་སོང་མཐར་ཚང་མས་མཐོང་སར་ངུས་ནས་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་སོང་བས་མི་མང་ཚང་མ་ལ་སེམས་ཚོར་ཧ་ཅང་རྐྱེན་པོ་སྤྲད་བྱུང་།

མཐར་བོད་ཀྱི་ཁོར་ཡུག་དེ་ཇི་ལྟར་གལ་ཆེན་ཡིན་སྐོར་བརྙན་ཐུང་སྐར་མ་ལྔ་ཅན་ཞིག་གཟིགས་འབུལ་ཞུས་གྲུབ་པ་དང་ལྷན་པོར་ལེན་ངོས་ཀྱི་ཆོས་གྲོགས་གཉིས་ནས་ས་གནས་འདིའི་དབྱིན་ཇི་བ་རྣམས་ལ་ལོ་ལྟར་སུམ་བཅུ་དུས་དྲན་སྲུང་གཙི་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུས། མཐར་ངས་ཀྱང་དབྱིན་ཇི་ཆག་རོ་དེ་རྒྱབ་ནས་ཚང་མ་ཐུགས་རྗེ་ཆེས་ཞུས་ནས་ཁ་རྩང་གི་ཉིན་མོ་གནས་སྐབས་དེ་ཙམ་གྱིས་འཇུག་སྒྲིལ་བྱས།

སུམ་བཅུའི་དུས་དྲན་སྐོར་དབྱིན་ཇིའི་ཐོག་དཔྱད་རྩོམ་ལྡེབ་མ་གསུམ་ཅན་ཞིག་བྲིས་ཡོད་པ་དེ་ཕྱི་ཉིན་ས་གནས་འདིའི་གསར་ཤོག་ཆེ་ཤོས་གཉིས་སུ་གཅིག་རྗེས་གཉིས་མཐུད་དུ་ཐོན་བྱུང་བས་ཧ་ཅང་དགའ་བོ་བྱུང་། ད་ཡིན་ན་ས་གནས་འདིར་བོད་པ་ཞིག་ཡོད་པའི་གོ་ཆོད་བྱུང་བསམ་པ་བྱུང་། 


།ནམ་རྒྱུན་བཞུགས་ཁྲིའི་སྟེང་ནས་ཆོས་བཤད་བྱེད། །སྐབས་རེ་ཁྲོམ་ལ་འགྲོ་ནས་སྐད་འབོད་བྱེད།

།ང་ཡི་རྒྱུད་ལ་ཆོས་སྲིད་ཟུང་འབྲེལ་འདི། །སུ་མ་འགུ་ཡང་མཚམས་འཇོག་ངས་མི་བྱེད།

 

།སུམ་བཅུ་དུས་དྲན་སྲུང་གཙི་བྱེད་པ་འདི། །རང་ཉིད་བོད་མི་ཡིན་པའི་ལས་འགན་ཡིན།

།ཁྲི་ལ་བསྡད་ནས་ཆོས་བཤད་བྱེད་རྒྱུ་འདི། །རང་ཉིད་གྲྭ་པ་ཡིན་པའི་ལས་འགན་ཡིན།

 

།སངས་རྒྱས་བསྟན་པ་ཡུན་རིང་གནས་དགོས་ཞེས། །ཀུན་གྱིས་སྨོན་ལམ་ཡུལ་དུ་བྱེད་པ་ལས།

།བསྟན་ལ་གང་གིས་གནོད་པའི་དགྲ་བོ་ལ། །སྨོན་ལམ་ཙམ་གྱིས་མི་ཕན་ཤེས་པར་བྱོས།

 

།ཕ་ས་དགྲ་བོས་འཕྲོག་ཀྱང་འཛུམ་དམུལ་དམུལ། །སྤུན་ཟླ་དམར་བསད་གཏང་ཡང་ཇི་མི་སྙམ།

།མི་འདོད་གཞན་ཡུལ་འཁྱམས་ཀྱང་ཚོར་སྣང་མེད། །སུམ་བཅུ་དུས་དྲན་སླེབས་ཀྱང་ཡ་ང་མེད།

 

།རེ་གཉིས་ས་མཐར་གྱར་བའི་སྡུག་ཡུས་དང་། །སྤུན་ཟླ་ཁྲི་ཁྲག་མང་པོའི་རོ་བདག་དང་།

།ཕ་ས་བཙན་གྱིས་འཕྲོག་པའི་འཁོན་ལན་སོགས། །མ་བརྗེད་སེམས་ལ་བཟུང་ནས་དུས་དྲན་བསུས།

 

No comments:

Post a Comment